ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་གིས་སྣེ་ཁྲིད་པའི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ཞིག་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྣེ་ལེན་གཟབ་རྒྱས་ཞུས་པ།

༄༅། ། ཕྱི་ལོ་ ༢༠༢༤ ཟླ་ ༩ པའི་ཚེས་ ༦ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་རྡ་ས་མེག་གྷན་ལ་རྟེན་གཞི་བྱས་པའི་ཆོས་ནོར་གསོལ་མགྲོན་ཁང་དུ། ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་ (Shri Pema Khandu, Chief Minister of Arunachal Pradesh) མཆོག་གིས་སྣེ་ཁྲིད་པའི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ཞིག་ལ་ཉིན་གུང་གསོལ་སྟོན་ཞིག་བཤམས་གནང་ཡོད་པ་རེད།

སྐབས་དེར་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དང་། རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་སྐུ་ཞབས་ཏ་པིར་ གྷའོ་ (Shri Tapir Gao, Co-convener of All Party Indian Parliamentary Forum for Tibet) མཆོག ཨ་རུ་ནཱ་ཅལ་མངའ་སྡེའི་ཤེས་རིག་དང་། ཡུལ་སྐོར་སྤྲོ་འཆམ་བློན་ཆེན་སྐུ་ཞབས་པ་སངས་རྡོ་རྗེ་ (Shri Pasang Dorjee Sona, Minister for Education and Tourism, Arunachal Pradesh) མཆོག ཨ་རུ་ནཱ་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཛིང་ནུ་ ནམ་ཆོམ་ (Shri Zingnu Namchoom, MLA Namsai) མཆོག་བཅས་དང་། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག དཔལ་ལྡན་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག དཔལ་ལྡན་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག བོད་མི་མང་སྤྱི་འཐུས་རྒྱུན་ལས་དང་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་གི་ཚོགས་མི་སྤྱི་འཐུས་རྣམ་པ་བཅས་ཕེབས་ཡོད་ཅིང་།

དེའི་སྐབས་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཐོག་མར་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་སྣེ་ཁྲིད་པའི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྣེ་ལེན་ཞུ་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་སྐོར་དང་། ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་ནི་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དད་དམ་གཡོ་བ་མེད་པ་དང་། ད་བར་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་བར་ཐུགས་རྗེ་ཆེ་ཞུས་གནང་སོང་།

ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྣེ་ལེན་གཟབ་རྒྱས་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ཨ་རུ་ནཱ་ཅལ་དང་། བོད་མིའི་དབར་ཆོས་དང་རིག་གཞུང་གི་འབྲེལ་བ་ཡོད་པ་དང་མངའ་སྡེའི་ཐོག་ནས་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་བརྟན་པོ་ཡོད་པ། དེ་རིང་སྔ་དྲོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་པའི་སྐོར། བོད་མིའི་སྒྲིག་འཛུགས་ངོས་ནས་བོད་དོན་ཐོག་ཕྱག་ལས་ཡག་པོ་གནང་བཞིན་ཡོད་པར་བསྔགས་བརྗོད། འཕགས་བོད་ས་མཚམས་ལས་རྒྱ་དཀར་ནག་དབར་ས་མཚམས་ཟེར་བ་མེད་པའི་སྐོར་སོགས་གསུངས་གནང་སོང་།

དེ་རྗེས་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་གིས་གཙོས་སྐུ་མགྲོན་རྣམ་པ་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་གཟིགས་སྐོར་ལ་ཕེབས་ཤིང་། དེའི་སྐབས་དཔལ་ལྡན་ཚོགས་གཙོ་མཆོག་གིས་གཙོས་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་། མང་ཚོགས་རྩིས་ཁྲའི་ཚོགས་ཆུང་གི་ཚོགས་མི་སྤྱི་འཐུས་རྣམ་པ། ཚོགས་དྲུང་ལས་ཁུངས་ཀྱི་དྲུང་ཆེ་གཙོས་པའི་ལས་བྱེད་རྣམ་པས་སྣེ་ལེན་ཞུས་རྗེས། གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་ཕེབས་པ་དང་། དེའི་སྐབས་དཔལ་ལྡན་ཚོགས་གཙོ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་དང་། གྲོས་ཚོགས་ཚོགས་དུས་གཉིས་ཀྱི་སྐོར་སོགས་ངོ་སྤྲོད་གནང་ཡོད་པ་བཅས།