ཨ་རུ་ན་ཅཱལ་མངའ་བློན་མཆོག་ལ་འཚམས་ཞུ།

སྐུ་ཞབས་པདྨ་མཁའ་འགྲོ་མཆོག་ད་ལམ་ཨ་རུ་ན་ཅཱལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དུ་བདམས་ཐོན་མཛད་འཁུར་བཞེས་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་བཀྲ་ཤིས་བདེ་ལེགས་ཞུ་བའི་འཚམས་འདྲིའི་ཕྱག་བྲིས་ཤིག་འབུལ་ལམ་ཞུས་ཡོད་པ་རེད། འཚམས་འཕྲིན་དེའི་ནང་ཁོང་གི་ཡབ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་གཤེགས་རྡོ་རྗེ་མཁའ་འགྲོ་དམ་པ་མཆོག་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་རྩེ་གཅིག་ཏུ་ཞུ་མཁན་ཞིག་མ་ཟད། ༸གོང་ས་༸སྐྱབས་མགོན་ཆེན་པོའི་ཐུགས་ཧ་ཅང་ཉེ་བའི་ཡུན་རིང་གྲོགས་པོ་ཞིག་ཀྱང་ཡིན། ཁོང་གིས་བོད་མིའི་བདེན་དོན་འཐབ་རྩོད་ལ་བདེན་རྒྱབ་ཤུགས་ཆེ་དང་། ཨ་རུ་ན་ཅཱལ་མངའ་སྡེའི་ནང་གནས་འཁོད་བོད་མི་རྣམས་ལ་གཟིགས་སྐྱོང་ཧ་ཅང་ཆེན་པོ་གནང་ཡོད་པར་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་དང་།
མངའ་བློན་སྐུ་ཞབས་པདྨ་མཁའ་འགྲོ་མཆོག་གིས་ཀྱང་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་དང་། མངའ་སྡེའི་ནང་གནས་སྡོད་བོད་མིར་གཟིགས་རྟོག་གནང་དང་གནང་བཞིན་པར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་དང་སྦྲགས་ད་དུང་མུ་མཐུད་རྒྱབ་སྐྱོར་གནང་སྐྱོང་ཡོང་བ་ཞེས་དང། སྤྱི་ཁྱབ་བློན་ཆེན་མཆོག་གི་ཡང་དག་པའི་དབུ་འཁྲིད་འོག་གི་མཛད་དོན་མཐའ་དག་ལ་གེགས་མེད་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུ་རྒྱུ་བཅས་འཁོད་ཡོད་པ་རེད། འཚམས་ཞུའི་ཕྱག་བྲིས་དེ་བཞིན་དཔལ་ལྡན་སྤྱི་ལྷན་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གི་མཚན་ཐོག་ནས་འབུལ་ལམ་ཞུས་ཡོད་པ་རེད།། ༢༠༡༦།༠༧།༡༨

Menu