ཨ་རིའི་ཨར་ཀན་སས་གཙུག་ལག་མཐོ་སློབ་ཀྱི་སློབ་དཔོན་དང་སློབ་གཉེར་བ་ཁག་ཅིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པ།

༄༅། །ཨ་རིའི་ཨར་ཀན་སས་གཙུག་ལག་མཐོ་སློབ་(University of Arkansas) ཀྱི་སློབ་གཉེར་བ་ ༢༠ ཙམ་ལོ་ལྟར་རྒྱ་གར་ནང་ཡོད་པའི་བཙན་བྱོལ་བོད་མིའི་གནས་སྟངས་(Tibetans in Exile Today) རྒྱུས་ལོན་ཆེད་བདུན་ཕྲག་གསུམ་རིང་རྒྱ་གར་ནང་རྟེན་གཞི་བྱས་པའི་བོད་མིའི་སྒྲིག་འཛུགས་དང་། དགོན་སྡེ་ཁག  དེ་བཞིན་བོད་མིའི་གཞིས་ཆགས་ཁག་ལ་ཕེབས་རྒྱུའི་ལས་འཆར་ཡོད་པ་ལྟར། ཕྱི་ལོ་ ༢༠༡༧  ལོའི་ (TEXT) ལས་འཆར་གྱི་ལས་རིམ་བཞིན་བཞུགས་སྒར་དུ་ཕེབས་གནང་ཡོད།

དེ་ཡང་ཐེངས་འདིའི་ལས་རིམ་ལྟར་ཕྱི་ལོ་ ༢༠༡༧ ལོའི་ཟླ ༦ ཚེས་ ༢༡ ཉིན་ཨ་རིའི་ཨར་ཀན་སས་གཙུག་ལག་མཐོ་སློབ་(University of Arkansas) ཀྱི་སློབ་དཔོན་དགེ་བཤེས་ཐུབ་བསྟན་རྡོ་རྗེ་ལགས་དང་གཞན་ལས་བྱེད་གཉིས། དེ་བཞིན་མཐོ་སློབ་ཀྱི་སློབ་གཉེར་བ་ ༡༧ བཅས་ཁྱོན་མི་གྲངས་ ༢༠ ལས་འཆར་དེའི་འབྲེལ་མཐུད་པ་ནོར་ཝེ་རླུང་འཕྲིན་ཁང་གི་ལས་བྱེད་སྐུ་ཞབས་དཔའ་ཆེན་ལགས་བརྒྱུད་སྔ་དྲོ་ཕྱག་ཚོད་ ༩།༣༠ ཐོག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པར་དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་ནས་མཇལ་འཕྲད་གནང་བ་དང་།  དེ་རྗེས་དཔལ་ལྡན་ཚོགས་གཞོན་མཆོག་གིས་བོད་ཀྱི་འདས་པའི་ལོ་རྒྱུས་དང་། ད་ལྟ་བོད་ནང་རྒྱ་ནག་གཞུང་གིས་མུ་མཐུད་མཁྲེགས་འཛིན་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པའི་སྐོར། བཙན་བྱོལ་ནང་གི་གནས་སྟངས་སྤྱི་དང་། ལྷག་པར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་ཡོང་ཁུངས་དང་དེ་འབྲེལ་ལས་འཆར་ཁག་ངོ་སྤྲོད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་ཚོགས་འདུའི་འགྲོ་ལུགས་སོགས་ཀྱི་ཐོག་འགྲེལ་བརྗོད་གནང་བ་དང་། དེ་བཞིན་མ་འོངས་སློབ་གཉེར་བ་རྣམས་སོ་སོའི་རྒྱལ་ཁབ་ལ་ཕྱིར་ཕེབས་རྗེས་བོད་དོན་རྒྱབ་སྐྱོར་གྱི་ལས་འགུལ་སྤེལ་གནང་ཡོང་བ་དང་། གྲོས་ཚོགས་ཀྱི་འཐུས་མི་རྣམས་ལ་བོད་དོན་དང་འབྲེལ་བའི་ཐོག་འབྲེལ་མོལ་གནང་ཐབས་ཡོང་བ་ཞུས་གནང་བཅས་ཀྱི་གནས་ཚུལ་དུ།།

 

Menu