ཨ་རིའི་ཧར་ཝ་ཌ་གཙུག་ལག་སློབ་གྲྭ་ཆེན་མོའི་ཀེ་ནི་ཌིའི་ཤེས་ཡོན་ལྟེ་གནས་ཁང་གི་ཁྱབ་ཁོངས་འགོ་ཁྲིད་དང་བདེ་སྐྱིད་ཚོད་བལྟ་སྡེ་ཚན་གྱི་འགན་འཛིན་སློབ་དཔོན་སྐུ་ཞབས་ཨར་ཐར་ བྷུ་རུག་སི་ (Prof. Arthur Brooks) མཆོག་གིས་སྣེ་ཁྲིད་པའི་སྐུ་ཚབ་ཚོགས་ཆུང་ཞིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པ།

༄༅། ། ཕྱི་ལོ་ ༢༠༢༣ ཟླ་ ༣ ཚེས་ ༢༣ ཉིན་ཕྱི་དྲོ་ཆུ་ཚོད་ ༡།༣༠ ཐོག་ཨ་རིའི་ཧར་ཝ་ཌ་གཙུག་ལག་སློབ་གྲྭ་ཆེན་མོའི་ཀེ་ནི་ཌིའི་ཤེས་ཡོན་ལྟེ་གནས་ཁང་གི་ཁྱབ་ཁོངས་འགོ་ཁྲིད་དང་བདེ་སྐྱིད་ཚོད་བལྟ་སྡེ་ཚན་གྱི་འགན་འཛིན་སློབ་དཔོན་སྐུ་ཞབས་ཨར་ཐར་ བྷུ་རུག་སི་ (Prof. Arthur Brooks) མཆོག་གིས་སྣེ་ཁྲིད་པའི་སྐུ་ཚབ་ཚོགས་ཆུང་ཞིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་སྐབས། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་སྣེ་ལེན་མཇལ་འཕྲད་གནང་ཡོད།

དེ་ཡང་ཐོག་མར་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་རྣམ་པ་གྲོས་ཚོགས་ཀྱི་ཚོགས་ཁང་ནང་ཟུར་ཉན་དུ་ཕེབས་སྐབས་གྲོས་ཚོགས་ནས་དགའ་བསུ་ཞུས་གནང་རྗེས། སྤྱི་འཐུས་རྒྱུན་ལས་ཚོགས་ཁང་ནང་དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་མཇལ་འཕྲད་གནང་ཞིང་། སྐབས་དེར་དཔལ་ལྡན་ཚོགས་གཞོན་མཆོག་གིས་ད་ལྟའི་རྒྱ་ནག་དམར་གཞུང་འོག་བོད་ནང་བྱིས་པ་སྟོང་ཕྲག་མང་པོ་རྒྱ་ནག་དམར་གཞུང་གི་བཅའ་སྡོད་སློབ་གྲྭའི་ནང་བཙན་ཤེད་ཐོག་སློབ་འཇུག་བྱེད་བཅུག་སྟེ། བོད་རིགས་རྣམས་རྒྱ་རིགས་སུ་བསྒྱུར་ཐབས་དང་། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁྲིམས་སྒྲིག་ཁག་ལ་རྩིས་མེད་རྡོག་རོལ་བཏང་ནས་བོད་ནང་གི་བོད་མིའི་རིགས་རྫས་གནས་ཚུལ་དཔེ་མཚོན་ (DNA) བསྡུ་རུབ་བྱས་དང་བྱེད་བཞིན་ཡོད་པ་སོགས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་དང་། རྒྱ་ནག་དམར་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་མི་བཟོད་པར་ཕྱི་ལོ་ ༢༠༠༩ ནས་བཟུང་ད་བར་བོད་མི་གྲངས་ ༡༥༧ གྱིས་བོད་དོན་ཆེད་རང་ལུས་མེར་བསྲེགས་ཕུལ་བའི་སྐོར། རྒྱ་ནག་དམར་གཞུང་གི་བྱ་སྤྱོད་ལ་བརྟེན་ནས་ཏོག་དབྱིབས་གཉན་རིམས་ ༡༩ འཛམ་གླིང་ཁྱོན་ཡོངས་ནང་ཁྱབ་གདལ་ཤུགས་ཆེ་བྱུང་སྟེ། མི་ཁྲི་ཕྲག་མང་པོའི་ཚེ་སྲོག་ཤོར་བ་སོགས་མི་རྒྱུ་གཉིས་ལ་དཀའ་ངལ་ཆེན་པོ་འཕྲད་པ་དེས། རྒྱ་ནག་དམར་གཞུང་ནི་རྒྱལ་སྤྱིའི་བདེ་འཇགས་ལ་ཉེན་ཁ་ཆགས་ཀྱི་ཡོད་པ་གསལ་པོ་ཡིན་པ། དེར་བརྟེན་ཚང་མས་རྒྱ་ནག་དམར་གཞུང་གི་བྱ་སྤྱོད་རྣམས་ཐེར་འདོན་གནང་དགོས་པ་སོགས་གསུངས་གནང་བ་དང་།

གཞན་ཡང་དཔལ་ལྡན་ཚོགས་གཞོན་མཆོག་གིས་སྐུ་ཚབ་ཚོགས་ཆུང་འདི་བརྒྱུད་ཨ་རིའི་གཞུང་མང་གཉིས་ནས་ད་བར་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེར་གནང་བ་དང་། ལྷག་པར་དུ་ཨ་རིའི་གྲོས་ཚོགས་ནས་བོད་དོན་ཐོག་ཁྲིམས་འཆར་མང་པོ་གཏན་འབེབས་གནང་བ་བཅས་ལ་ཐུགས་རྗེ་ཆེ་ཞུས་གནང་ཡོད་པ་བཅས། །