ཨ་རིའི་སིན་སིན་ན་ཊི་གྲོང་ཁྱེར་གྱི་སྤྱི་ཁྱབ་པ་བོད་རིགས་ཨ་རི་བ་ ཨཕ་ཏཱཕ་ ཀརྨ་ པུ་རེ་ཝལ་མཆོག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་འཚམས་གཟིགས་སུ་ཕེབས་པ།


༄༅། ། ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༥ ཉིན་སྔ་དྲོ་ཨ་རིའི་སིན་སིན་ན་ཊི་གྲོང་ཁྱེར་གྱི་སྤྱི་ཁྱབ་པ་བོད་རིགས་ཨ་རི་བ་ ཨཕ་ཏཱཕ་ ཀརྨ་ པུ་རེ་ཝལ་ (Aftab Karma Pureval, Mayor of Cincinnati)  མཆོག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་འཚམས་གཟིགས་ཕེབས་སྐབས། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་རྣམ་གཉིས་ཀྱིས་སྣེ་ལེན་མཇལ་འཕྲད་གནང་སོང་།

དེ་ཡང་ཐོག་མར་དཔལ་ལྡན་ཚོགས་གཞོན་མཆོག་གིས་སྐུ་ཞབས་ཁོང་སྣེ་ལེན་དང་། གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་སྣེ་ཁྲིད་དང་སྦྲགས། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐོར་སོགས་ངོ་སྤྲོད་གནང་རྗེས། ཚོགས་གཙོའི་ལས་ཁུངས་སུ་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་དང་ལྷན་མཇལ་འཕྲད་གནང་ཞིང་།

དེའི་སྐབས་ཨ་རིའི་སིན་སིན་ན་ཊི་གྲོང་ཁྱེར་གྱི་སྤྱི་ཁྱབ་མཆོག་གིས་ཁོང་ཉིད་ཨ་རིའི་གྲོང་ཁྱེར་གཞན་གྱི་སྤྱི་ཁྱབ་རྣམས་དང་ལྷན་རྒྱ་གར་ལ་ཕེབས་དོན་སྐོར་དང་། དེ་བཞིན་དེ་རིང་སྔ་དྲོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁ་ཞུས་པའི་སྐོར་སོགས་གསུངས་པ་དང་། དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་བོད་མིའི་སྒྲིག་འཛུགས་ནས་རྒྱལ་སྤྱིའི་ནང་བོད་ནང་གི་དངོས་ཡོད་གནས་ཚུལ་རྣམས་ཞུ་སྐུལ་གནང་དགོས་པའི་དམིགས་ཡུལ་དང་། རྒྱ་ནག་དམར་གཞུང་གིས་བོད་ནང་རང་དབང་ཡོད་སྐོར་སོགས་རྒྱལ་སྤྱིའི་ནང་གནས་ཚུལ་རྫུན་མ་དྲིལ་བསྒྲགས་ཤུགས་ཆེ་བྱས་དང་བྱེད་མུས་ལ་བོད་མིའི་སྒྲིག་འཛུགས་ནས་ཇི་ལྟར་གདོང་ལེན་གནང་བཞིན་ཡོད་པའི་སྐོར། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཨ་རིའི་ནང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པ་བསྐོང་ཚོགས་གནང་བ་སོགས་རྒྱལ་སྤྱིའི་ནང་བོད་མིའི་སྒྲིག་འཛུགས་ནས་བོད་དོན་ཞུ་སྐུལ་དང་། དངོས་ཡོད་གནས་ཚུལ་ཁྱབ་བསྒྲགས་ཀྱི་ལས་འགུལ་རིམ་པ་སྤེལ་དང་སྤེལ་བཞིན་ཡོད་པའི་སྐོར་སོགས་ངོ་སྤྲོད་གནང་བར། སྐུ་ཞབས་ཁོང་གིས་ཨ་རིའི་ནང་བོད་ཀྱི་རིག་གཞུང་སྲུང་སྐྱོབ་ཐོག་གང་ཐུབ་གནང་རྒྱུའི་ཞལ་བཞེས་གནང་སོང་།

མཐར་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་ཨ་རིའི་སིན་སིན་ན་ཊི་གྲོང་ཁྱེར་གྱི་སྤྱི་ཁྱབ་མཆོག་ལ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཨིན་ཡིག་ཐོག་ཡོད་པའི་མཛད་རྣམ་ (My Land and My People) དང་། གཞན་བོད་དོན་དང་འབྲེལ་བའི་ཡིག་ཆ་ཁག་ཅིག་ཕུལ་གནང་ཡོད་པ་བཅས། །