ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་བདེན་པའི་མེ་ལྕེའི་བསྐོར་སྐྱོད་ལ་ཕྱི་ནང་མི་རིགས་ཀྱི་རྒྱབ་སྐྱོར་ཤུགས་ཆེར་ཐོབ་པ།

ཨ་རིའི་རྒྱལ་སར་བདེན་པའི་མེ་ལྕེ་སྐོར་བསྐྱོད་བྱེད་བཞིན་པ།ཨ་རིའི་རྒྱལ་སར་བདེན་པའི་མེ་ལྕེ་སྐོར་བསྐྱོད་བྱེད་བཞིན་པ།

༢༠༡༢ཟླ་༩ཚེས་༢ རེས་གཟའ་ཉི་མའི་ཉིན་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྣེ་ཁྲིད་པའི་བདེན་པའི་མེ་ལྕེའི་སྐོར་བསྐྱོད་ལ་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་གནང་མཁན་སོགས་ཀྱིས་རྒྱབ་སྐྱོར་ཤུགས་ཆེར་ཐོབ་ཡོད་པ་དང་། ལྷག་པར་ཨ་རིའི་གྲོས་ཚོགས་འོག་མིའི་འཐུས་མི་ཕྷི་རནྐ་ ཝུལྥ་ཀྱིས་གདུང་སེམས་མཉམ་བསྐྱེད་ཀྱི་གསུང་འཕྲིན་ཞིག་གནང་བའི་ནང་བོད་ནང་གནས་སྟངས་ཇི་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པ་དེར་ཨ་རིས་དབུ་ཁྲིད་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བདག་སྤྲོད་གནང་ནས་འ་སུབ་མ་བསྡུས་པ་མ་འགྱུར་གོང་སེལ་ཐབས་བྱེད་དགོས་པ་ཡིན། གལ་སྲིད་ད་ལྟ་བོད་མི་མང་ལ་ཨ་རིའི་རྒྱབ་སྐྱོར་དགོས་མཁོ་ཡོད་པའི་སྐབས་འདིར་རྒྱབ་སྐྱོར་བྱེད་མ་ཐུབ་ཚེ་ཨ་རིའི་རྒྱལ་ཁབ་དབུ་བརྙེས་སྐབས་མིའི་རང་དབང་ལ་རྒྱབ་སྐྱོར་བྱེད་དགོས་ཞེས་པའི་དམ་བཅའ་དང་འགལ་ཉེན་ཡོད་ཅེས་གསུངས་ཡོད་པ་རེད། གྲོས་ཚོགས་འོག་མའི་འཐུས་མི་ཕྷི་རནྐ ཝུལྥ་ནི་ཨ་རིའི་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ ཚོགས་གཙོ་དང་བོད་དོན་ལ་རྒྱུན་རིང་ནས་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པ་རེད། བོད་ནང་ཛ་དྲག་གི་གནས་སྟངས་དེར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་གཙོས་རྒྱལ་སྤྱིའི་ནང་དོ་སྣང་དང་རྒྱབ་སྐྱོར་ཐོབ་སླད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་འཛམ་གླིང་རྒྱལ་ཁབ་སུམ་ཅུ་ལྷག་ནང་བདེན་པའི་མེ་ལྕེ་བསྐོར་སྐྱོད་དང་ས་རྟགས་བསྡུ་རུབ་ཀྱི་ལས་འགུལ་སྤེལ་བཞིན་ཁོངས་བྱང་ཨ་རིའི་ནང་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དང་ཁེ་ཎ་ཌའི་རྒྱལ་ས་ཨོ་ཊ་ཝ་གཉིས་ནས་འགོ་འཛུགས་ཀྱི་ལས་རིམ་ཁོངས་སུ་ཝ་ཤིན་ཊོན་དུ་བྱང་ཨ་རིའི་ཁུལ་གྱི་བོད་མི་མང་སྤྱི་འཐུས་བཀྲ་ཤིས་རྣམ་རྒྱལ་ལགས་ཀྱིས་སྣེ་ཁྲིད་དེ་ཨ་རིའི་རྒྱལ་ས་མངའ་ཁུལ་བོད་རིགས་སྤྱི་མཐུན་ཚོགས་པ་དང་། ས་གནས་བོད་ཀྱི་གཞོན་ནུ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་བཅས་ཀྱིས་གོ་སྒྲིག་འོག་ལས་འགུལ་སྤེལ་ཞིང་། ལས་འགུལ་དེའི་ཆེད་ནིའུ་ཡོག་དང་ནིའུ་ཇར་སི་ཁུལ་ནས་བོད་མི་གསུམ་བརྒྱ་སྐོར་དང་། ཉེ་འཁོར་ས་གནས་ཕྷི་ལི་ཌི་ཕྷི་ཡ་དང་ཤར་ལོས་ཝེལ་བཅས་ནས་བོད་མི་བརྒྱ་སྐོར་མཉམ་ཞུགས་གནང་ཡོད་པ་རེད།
ཨ་རིའི་རྒྱལ་སར་བདེན་པའི་མེ་ལྕེ་སྐོར་བསྐྱོད་བྱེད་བཞིན་པ།ཨ་རིའི་རྒྱལ་སར་བདེན་པའི་མེ་ལྕེ་སྐོར་བསྐྱོད་བྱེད་བཞིན་པ།

བོད་ཀྱི་མང་གཙོ་དབུ་བརྙེས་ནས་ལོ་ངོ་ ༥༢ འཁོར་བའི་དུས་དྲན་དང་སྟབས་བསྟུན་བདེན་པའི་མེ་ལྕེ་བསྐོར་སྐྱོད་འགོ་འཛུགས་མ་གནང་གོང་བོད་མི་མང་སྤྱི་འཐུས་བཀྲིས་རྣམ་རྒྱལ་ལགས་ཀྱིས་བདེན་པའི་མེ་ལྕེ་མང་ཚོགས་ལ་ངོ་སྤྲོད་གནང་ཞིང་། དེ་རྗེས་ཁོང་གི་དབུ་ཁྲིད་དེ་ཌོ་པོནྜ་འཛོམས་སྒག་གི་གླིང་ཁར་བསྐོར་བ་ལན་གསུམ་གནང་རྗེས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་སོགས་ཀྱིས་བོད་རྒྱལ་ཁབ་ཀྱི་རྒྱལ་དར་དང་བདེན་པའི་མེ་ལྕེ་བསྐོར་སྐྱོད་ཀྱི་དམིགས་བསལ་སྟོད་གོས་གྱོན་ཏེ་ཨ་རིའི་སྲིད་འཛིན་གྱི་ཕོ་བྲང་བར་གོམ་བགྲོད་གནང། གོམ་བགྲོད་རིང་བོད་མི་མང་སྤྱི་འཐུས་བཀྲིས་རྣམ་རྒྱལ་དང་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་སྤྱི་ཟུར་ཀརྨ་རྒྱ་མཚོ་ལགས། ནིའུ་ཡོག་དང་ནིའུ་ཇར་སིའི་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ། ས་གནས་བེུད་ཀྱི་ཚོགས་གཙོ། ས་གནས་གཞོན་ནུ་སོགས་ཚོགས་སྐྱིད་ཁག་གི་མི་སྣ་བཅས་རིམ་མཐུད་ཀྱི་མེ་ལྕེ་ཕྱག་ཏུ་བསྣམས་ཏེ་གོམ་བགྲོད་གནང་ཡོད་པ་རེད། གྲོང་ཁྱེར་གྱི་ལམ་ཆེན་དུ་གོམ་བགྲོད་གནང་རྒྱུན་ས་གནས་བདེ་འཇགས་ཉེན་རྟོག་པས་བགྲོད་ལམ་བདེ་པོ་བཟོ་ཆེད་རླུང་འཁོར་བཀག་པ་སོགས་དམིགས་བསལ་གོ་སྒྲིག་གནང་ཡོད་པ་རེད། བདེན་པའི་མེ་ལྕེའི་གོམ་བགྲོད་ནང་ རྒྱ་ནག་ནང་ངལ་རྩོལ་སྒྱུར་འགོད་ལ་ཞིབ་འཇུག་ལྟེ་གནས་ཀྱི་འགན་འཛིན་ཧེ་རི་ ཝུ་ལགས་ཀྱིས་ཀྱང་མཉམ་ཞུགས་གནང་ཡོད་པ་རེད། ཕོ་བྲང་དཀར་པོའི་མདུན་དུ་འཛོམས་མཚམས་བདེན་ཚིག་སྨོན་ལམ་འུར་འདོན་སྐབས་ཁུལ་དེར་འཛོམས་པའི་ཡུལ་བསྐོར་སྤྲོ་ཆམ་པ་སོགས་ཀྱིས་དོ་སྣང་ཆེན་པོ་བྱས་པ་མ་ཟད། བདེན་པའི་མེ་ལྕེའི་ལས་འགུལ་གྱི་དགོས་འདུན་དོན་ཚན་གསུམ་འཁོད་པའི་འགྲེལ་བཤད་ཡིག་ཆ་འགྲེམས་སྤེལ་གནང་ཞིང་། དེ་ནས་རང་དབང་ཐང་ཆེན་བར་གོམ་བགྲོད་བྱས། རང་དབང་ཐང་ཆེན་ནི་ཨ་རིའི་སྤྱི་མང་འཐབ་རྩོད་ཀྱི་མེས་པོ་མར་ཀྲིན་ ལུ་ཐར་ཀིང་ལ་ཆེ་བསྟོད་ཀྱི་ཐང་ཆེན་ཞིག་ཡིན་པ་དང་། ཐང་ཆེན་དེ་ནི་ཨ་རིའི་ནང་རང་དབང་རྩོད་ལེན་གྱི་ལས་འགུལ་སྤེལ་ཡུལ་བསྟི་གནས་གལ་ཆེ་ཞིག་ཡིན་ཞིང་། དེ་ཡང་གྲོས་ཚོགས་འོག་མའི་འཐུས་མི་ཕྷི་རནྐ་ ཝུལྥ་ཀྱི་གསུང་འཕྲིན་ནང་རང་དབང་ཐང་ཆེན་དུ་བདེན་པའི་མེ་ལྕེ་བསྐོར་སྐྱོད་ཀྱི་ཚོགས་འཛོམས་བྱེད་ཀྱི་ཡོད་པ་དེ་འོས་ཤིང་མཚམས་པ་ཞིག་ཡིན་པ་དང་། དེས་བོད་ནང་དཀའ་སྡུག་མྱོང་བཞིན་པའི་བོད་མི་ཚོ་ང་ཚོའི་དྲན་ཡུལ་ནས་བརྗེེད་མེད་པ་ཡང་མཚོན་ཐུབ་ཀྱི་ཡོད་ཅེས་གསུངས་ཡོད་པ་རེད།
ཨ་རིའི་རྒྱལ་སར་བདེན་པའི་མེ་ལྕེ་སྐོར་བསྐྱོད་བྱེད་བཞིན་པ།ཨ་རིའི་རྒྱལ་སར་བདེན་པའི་མེ་ལྕེ་སྐོར་བསྐྱོད་བྱེད་བཞིན་པ། རང་དབང་ཐང་ཆེན་དུ་བདེན་པའི་མེ་ལྕེ་བསྐོར་སྐྱོད་ཀྱི་ཚོགས་འཛོམས་འགོ་འཛུགས་ཀྱིས་ཐོག་མར་བོད་རིགས་ན་གཞོན་ཚོས་བོད་དང་ཨ་མེ་རི་ཀའི་རྒྱལ་གླུ་བཏང་། དེ་ནས་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་རྒྱུན་ལས་པ་སངས་ཚེ་རིང་ལགས་ཀྱིས་དགའ་བསུའི་གཏམ་བཤད་གནང་བའི་ནང་ཨ་རིའི་རྒྱལ་ས་ཝ་ཤིན་ཌོན་ནི་འཛམ་གླིང་ནང་ཆབ་སྲིད་ཀྱི་གཡོ་འགུལ་ལ་ཤུགས་རྐྱེན་བཟོ་ཐུབ་པའི་གལ་ཆེའི་གྲོང་ཁྱེར་དེ་ཡིན་པ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བོད་ནང་གི་ཛ་དྲག་གནས་ཚུལ་རྒྱལ་སྤྱིའི་མང་ཚོགས་ཀྱི་ཤེས་རྟོགས་བརྒྱུད་བོད་དོན་ལ་རྒྱབ་སྐྱོར་གྱི་ལས་འགུལ་སྤེལ་བཞིན་པའི་ཁོངས་ནས་བྱང་ཨ་རིའི་བསྐོར་སྐྱོད་འགོ་འཛུགས་དེ་གྲོང་ཁྱེར་འདི་ནས་གནང་རྒྱུའི་གལ་ཆེའི་རང་བཞིན་ཡོད་སྐོར་དང་། ལས་འགུལ་ཐོག་མཉམ་ཞུགས་གནང་མཁན་དང་རྒྱབ་སྐྱོར་གནང་མཁན་ཚང་མར་ས་གནས་བོད་རིགས་མི་མང་གི་ཚབ་གནང་ནས་དགའ་བསུ་ཞུས་ཤིང་། དེ་རྗེས་བོད་མི་མང་སྤྱི་འཐུས་བཀྲ་ཤིས་རྣམ་རྒྱལ་ལགས་ཀྱིས་བདེན་པའི་མེ་ལྕེའི་ལས་འགུལ་གྱི་དགོས་དབང་དང་དགོས་འདུན་ངོ་སྤྲོད་གནང་བ་དང་ཆབས་ཅིག རྒྱ་ནག་གཞུང་གིས་བོད་ནང་མི་སྤྱོད་ལས་འདས་པའི་དྲག་གནོན་དང་སྡུག་རྩུབ་སྔར་བས་ཆེ་རུ་གཏོང་བཞིན་ཡོད་ནའང་། ད་དུང་དངོས་ཡོད་གནས་ཚུལ་ལ་འཁྱོགས་བཤད་དང་དྲང་བདེན་མིན་པའི་འགྲེལ་བཤད་བྱས་ཏེ་འཛམ་གླིང་མི་མང་ལ་མགོ་བསྐོར་བསླུ་ཁྲིད་ཁོ་ན་བྱེད་ཀྱི་ཡོད། དེར་བརྟེན་བོད་ནང་གི་དངོས་ཡོད་གནས་ཚུལ་ཤེས་རྟོགས་ཐུབ་རྒྱུར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་དེ་མིན་གཞུང་དང་གཞུང་འབྲེལ་མིན་པའི་རྒྱལ་སྤྱིའི་སྒྲིག་འཛུགས་ཚོས་ཞིབ་འཇུག་མཐིལ་ཕྱིན་གནང་ནས་དངོས་ཡོད་གནས་སྟངས་གང་ཡིན་བདེན་དཔང་ཐུབ་པ་བཟོ་དགོས་པའི་འབོད་བསྐུལ་ཞུ་གི་ཡོད་ཅེས་གསུངས་ཡོད་པ་རེད།
ཨ་རིའི་རྒྱལ་སར་བདེན་པའི་མེ་ལྕེ་སྐོར་བསྐྱོད་བྱེད་བཞིན་པ།ཨ་རིའི་རྒྱལ་སར་བདེན་པའི་མེ་ལྕེ་སྐོར་བསྐྱོད་བྱེད་བཞིན་པ།

མཛད་སྒོར་བོད་རིགས་ན་གཞོན་ཁག་གཅིག་ནས་བོད་ནང་རང་ལུས་མེར་བསྲེགས་མཁན་རྣམས་རྗེས་དྲན་མཚོན་ཆེད་ཁོང་རྣམས་ཀྱི་མཚན་སྒྲོག་སྦྱང་གནང་།

གཏམ་བཤད་གནང་མཁན་ཁོངས་སུ་རྒྱ་ནག་ནང་ངལ་རྩོལ་སྒྱུར་འགོད་ལ་ཞིབ་འཇུག་བསྟི་གནས་ཀྱི་འགན་འཛིན་ཧེ་རི་ ཝུ་དང་། རྒྱ་རིགས་རྩོམ་པ་པོ་ ཡུའུ་ཅཱེ། རྒྱལ་སྤྱིའི་ཉེས་ཡང་ཚོགས་པའི་སྐུ་ཚབ་ཀྲི་ ཀུ་མར། བཙན་བྱོལ་ནང་ཡུ་གྷུར་མི་རིགས་ཀྱི་དབུ་ཁྲིད་ལྕམ་ར་བྷྱི་ ཁ་དྷིར། ཝིཏ་ནམ་ཨ་རི་བའི་སྒྲིག་འཛུགས་ཀྱི་ཚོགས་གཙོ་ཝེན་བྷེག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གཙོ་འཛིན་མེ་རི་ བྷེཏ་ མརྐི་སོགས་ཀྱིས་རིམ་པར་གཏམ་བཤད་གནང་ཞིང་། ཁོང་རྣམས་ཀྱིས་གཏམ་བཤད་མ་གནང་གོང་བདེན་པའི་མེ་ལྕེའི་བསྐོར་སྐྱོད་ཀྱི་ལས་འགུལ་ལ་རྒྱབ་སྐྱོར་གྱི་རྣམ་པ་མཚོན་བྱེད་མེ་ལྕེ་མང་ཚོགས་ལ་ངོ་སྤྲོད་གནང་བ་དང་ཆབས་ཅིག རྒྱལ་ཚོགས་ལ་འབུལ་རྒྱུའི་སྙན་ཞུར་རྒྱབ་སྐྱོར་གྱི་མཚན་རྟགས་བཀོད་གནང་ཡོད་པ་རེད། དེ་བཞིན་རྒྱ་རིགས་མང་གྲསོ་དོན་གཉེར་བ་ ཝེ་ཅིན་ཧྲིན་ནས་རྒྱབ་སྐྱོར་གྱི་འཚམས་འདྲི་གནང་བའི་ནང་དོན་སྒྲོག་སྦྱང་གནང་བ་རེད །
གཏམ་བཤད་གནང་མཁན་ཚང་མས་ད་ལྟའི་བོད་ནང་གི་གནས་སྟངས་ལ་ཐུགས་ཚབས་དང་སྦྲགས བོད་མིའི་བདེན་པའི་ལས་འགུལ་ལ་དུས་རྟག་ཏུ་གདུང་སེམས་མཉམ་བསྐྱེད་གནང་གི་ཡོད་ཅེས་གསུངས་ཡོད་པ་དང་། རྒྱལ་སྤྱིིའི་ཉེས་ཡང་ཚོགས་པའི་སྐུ་ཚབ་ཀྲི་ ཀུ་མར་ལགས་ཀྱིས་སྒྲིག་འཛུགས་དེས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་གནས་སྟངས་ལ་སེམས་ཚབས་དང་། གནད་དོན་དེར་མུ་མཐུད་ཐུགས་སྣང་གནང་གི་ཡོད་ཅེས་གསུངས་ཡོད་པ་རེད།

བདེན་པའི་མེ་ལྕེ་བསྐོར་སྐྱོད་ཀྱི་ལས་འགུལ་དེར་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་བཀའ་ཟུར་བློ་བཟང་སྙན་གྲགས་ལགས་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་ལགས། བཀའ་ཟུར་ཞེ་བོ་བློ་བཟང་དར་རྒྱས་ལགས་བཅས་མཉམ་ཞུགས་གནང་ཡོད་པ་དང་། སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་ལགས་ཀྱིས་བོད་ཀྱི་དཀའ་རྙོག་དེ་སེལ་ཐབས་ལ་ཐབས་ལམ་གཅིག་ཁོ་ན་ཡོད་པ་དེ་ནི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཡིན་པ་དེ་རྒྱ་ནག་འགོ་ཁྲིད་ཚོས་གསལ་པོ་ཤེས་རྟོགས་ཐུབ་པ་བྱེད་དགོས། དྲག་གནོན་དང་སྡུབ་རྩུབ་ཅན་གྱི་སྲིད་བྱུས་མུ་མཐུད་ལག་བསྟར་བྱས་པ་ཡིན་ན་དེས་བོད་ཀྱི་དཀའ་རྙོག་སེལ་ཐུབ་ཐབས་མེད་ཅེས་གསུངས་ཡོད་པ་རེད། ཚོགས་འཛོམས་ཀྱི་མཇུག་ཏུ་ལས་འགུལ་ནང་མཉམ་ཞུགས་གནང་མཁན་ནིའུ་ཡོག་དང་ནིའུ་ཇར་སི་བོད་རིགས་སྤྱིམཐུན་ཚོགས་པའི་ཚོགས་གཙོ་ཀུན་དགའ་འཕྲིན་ལས་ལགས་དང་། ས་གནས་བོད་ཀྱི་གཞོན་ནུའི་སྐུ་ཚབ། ས་གནས་བོད་ཀྱི་བེུད་ཚོགས་པའི་ཚོགས་གཙོ་ཟླ་སྒྲོན་ལགས། ཆུ་བཞི་སྒང་དྲུག་ས་གནས་རྒྱུན་ལས་ཀྱི་ཚོགས་གཙོ་བློ་བཟང་བསྟན་པ་ལགས། ཕྷི་ལི་ཌི་ཕྷི་ཡའི་སྐུ་ཚབ་བསྟན་འཛིན་འཕྲིན་ལས་ལགས། ཤར་ལོས་ཝེལ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་མཁན་པོ་ངག་དབང་ལགས་དང་ཝ་ཤིན་ཊོན་མངའ་ཁུལ་གྱི་བོད་ཀྱི་གཞོན་ནུའི་ཚོགས་གཙོ་ལྷ་སྒྲོན་ལགས་བཅས་ཀྱིས་རིམ་པར་གཏམ་བཤད་གནང་བའི་ནང་བོད་ནང་བོད་མི་ཚོས་རང་ལུས་མེར་བསྲེགས་བཏང་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་བཞིན་པའི་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་རྣམས་ཀྱི་སྙིང་སྟོབས་ལ་རྗེས་སུ་ཡི་རངས་དང་བཙན་བྱོལ་ནང་ཡོད་པའི་བོད་མི་ཚོས་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ལས་འགུལ་ནང་མཉམ་ཞུགས་སྔར་ལས་ཆེ་བ་གནང་དགོས་པའི་བསྐུལ་མ་གནང་བ་དང་ཆབས་ཅིག བོད་ནང་གི་ཛ་དྲག་གནས་ཚུལ་ལ་གདུང་སེམས་མཉམ་བསྐྱེད་དང་རྒྱལ་སྤྱིའི་རྒྱབ་སྐྱོར་ཐོབ་ཐབས་བཅས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གོ་སྒྲིག་གནང་བའི་བདེན་པའི་མེ་ལྕེའི་བསྐོར་སྐྱོད་ལ་ཚང་མས་མཉམ་རུབ་གནང་དགོས་པའི་འབོད་བསྐུལ་གནང་སོང་།
ཨ་རིའི་རྒྱལ་སར་བདེན་པའི་མེ་ལྕེ་སྐོར་བསྐྱོད་བྱེད་བཞིན་པ།ཨ་རིའི་རྒྱལ་སར་བདེན་པའི་མེ་ལྕེ་སྐོར་བསྐྱོད་བྱེད་བཞིན་པ།

ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་ནང་བདེན་པའི་མེ་ལྕེའི་བསྐོར་སྐྱོད་ཀྱི་ལས་འགུལ་གནང་རྗེས་ཕྱི་ཚེས་ ༨ ཉིན་ནིའུ་ཡོག་གྲོང་ཁྱེར་ནང་ལས་འགུལ་སྤེལ་རྒྱུར་བདེན་པའི་མེ་ལྕེ་དེ་ནིའུ་ཡོག་དང་ནིའུ་ཇར་སི་གནས་ལ་རྩིས་སྤྲོད་གནང་རྒྱུ་ཡིན་པ་དང་། དེ་རྗེས་བྱང་ཨ་རིའི་ས་གནས་རིམ་པར་བསྐོར་སྐྱོད་གནང་རྗེས་མཐའ་མ་ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་ནིའུ་ཡོག་གྲོང་ཁྱེར་དུ་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་ཏེ། མང་ཚོགས་ཀྱི་རྒྱབ་སྐྱོར་ས་རྟགས་བསྡུ་ལེན་བྱས་པའི་སྙན་ཞུ་དང་སྦྲགས་འཛམགླིང་མཉམ་སྦྲེལ་རྒྱལ་ཚོགས་ལ་འབུལ་རྒྱུ་ཡིན་པ་རེད།
ཨ་རིའི་རྒྱལ་སར་བདེན་པའི་མེ་ལྕེ་སྐོར་བསྐྱོད་བྱེད་བཞིན་པ།ཨ་རིའི་རྒྱལ་སར་བདེན་པའི་མེ་ལྕེ་སྐོར་བསྐྱོད་བྱེད་བཞིན་པ།

Menu