ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་མཆོག་ལ་ཆེ་བསྟོད་སྣེ་ལེན་ཞུ་བའི་མཛད་སྒོ་ཞིག་ཚོགས་པའི་ཐོག་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་རྣམ་པ་གཉིས་མཉམ་ཞུགས་གནང་བ།

>

༄༅། །ལྷོ་བྱང་ཨ་རིའི་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་དོན་གྲུབ་ཚེ་རིང་མཆོག་དང་། སྤྱི་འཐུས་བསྟན་འཛིན་འཇིགས་མེད་མཆོག་བཅས་གཉིས་དང་། ནིའུ་ཡོག་དང་ནིའུ་འཇར་སི་བོད་རིགས་སྤྱི་མཐུན་ཚོགས་པ་བཅས་ཐུན་མོང་གིས་གོ་སྒྲིག་འོག ཕྱི་ལོ་ ༢༠༢༣ ཟླ་བ་ ༡ ཚེས་ ༢༩ རེས་གཟའ་ཉི་མའི་ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་སྤྱི་ཁང་ཕུན་ཚོགས་སྡེ་བཞིའི་ཚོགས་ཁང་ནང་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་ (US congressman Jim McGovern) མཆོག་ལ་ཆེ་བསྟོད་སྣེ་ལེན་ཞུ་བའི་མཛད་སྒོ་ཞིག་ཚོགས་གནང་ཡོད་འདུག

སྐུ་ཞབས་ཇིམ་མེག་གྷོ་ཝན་མཆོག་ཐོག་མར་ནིའུ་ཡོག་དང་ནིའུ་འཇར་སི་བློ་གསལ་སྐྱེད་ཚལ་གཟའ་མཇུག་སློབ་གྲྭར་གཟིགས་སྐོར་དང་། སློབ་ཕྲུག་རྣམས་ལ་གསུང་བཤད་གནང་ཡོད་པ་དང་།  དེ་བཞིན་ཆེ་བསྟོད་ཚོགས་འདུ་ཐོག་སྐུ་ཞབས་ཁོང་གིས་གཙོ་བོ་ཕྱི་ལོ་ ༢༠༢༢ ཟླ་ ༦ པའི་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་རྒྱབ་སྐྱོར་ཁྲིམས་འཆར་ (Bill H.R 533) ཞིག་བཏོན་ཡོད་པ་དེའི་སྐོར་དང་། ཁྲིམས་འཆར་དེ་གཏན་འབེབས་ཡོང་རྒྱུར། ཨ་རིའི་ནང་ཡོད་པའི་བོད་མི་ཚོས་སོ་སོའི་ཁྱབ་ཁོངས་གྲོས་ཚོགས་འཐུས་མི་རྣམས་ལ་ཞུ་སྐུལ་གནང་དགོས་སྐོར་གསུངས་འདུག

གཞི་རྩའི་ཁྲིམས་འཆར་དེ་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་ (Jim McGovern) མཆོག་དང་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་མཱ་ཡི་ཀེལ་མེག་ཁོལ་ (Michael McCaul) མཆོག་རྣམ་གཉིས་ཀྱི་ཕྱི་ལོ་ ༢༠༢༢ ཟླ་ ༧ ཚེས་ ༡༣ ཉིན་གྲོས་ཚོགས་སུ་བསྣམས་ཕེབས་འདུག
གཞན་ཡང་སྐབས་དེའི་མཛད་སྒོའི་ཐོག་ནིའུ་ཡོག་གྲོང་ཁྱེར་གྱི་ས་ཁུལ་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ཇུ་ལི་ཡ་ཝུན་ (New York city Council Member Julie Won) ལགས་དང་། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་སྒྲུབ་ལགས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ། ས་གནས་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་གི་ཚོགས་གཙོའམ་སྐུ་ཚབ། ཆོས་ཚོགས་ཁག་གི་བླ་སྤྲུལ་དགེ་བཤེས། བོད་ཀྱི་ཐེབས་རྩའི་འགན་འཛིན་ལས་ཚབ། མང་ཚོགས་བཅས་ཁྱོན་མི་གྲངས་ ༣༠༠ ཙམ་མཛད་སྒོར་མཉམ་ཞུགས་གནང་ཡོད་འདུག་པ་བཅས། །