ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ནེན་སི་པི་ལོ་སི་མཆོག་ལ་མང་གཙོའི་གཟེངས་རྟགས་ཐོབ་པར་དཔལ་ལྡན་ཚོགས་གཙོ་མཆོག་གིས་འཚམས་འདྲི་ཞུས་པ།

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༨ ཉིན་ཨ་རིའི་རྒྱལ་ཡོངས་མང་གཙོ་བསྟི་གནས་ཁང་ (National Democratic Institute) གིས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ནེན་སི་པི་ལོ་སི་ (Nancy Pelosi) མཆོག་ལ་མང་གཙོའི་གཟེངས་རྟགས་ (Democracy Award) ཕུལ་གནང་བར། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་གཞིས་བྱེས་བོད་མི་ཡོངས་དང་། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་འཚམས་འདྲི་ཞུས་གནང་འདུག

འཚམས་འཕྲིན་ནང་འཁོད་དོན། ལྕམ་སྐུ་ཁྱེད་ནི་མང་གཙོ་དང་། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་ཞིག་ཡིན་པ་མ་ཟད། བོད་ཀྱི་རྩ་དོན་ཐོག་ལའང་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཞིག་དང་། བོད་ནང་ཡོད་པའི་སྨྲ་བརྗོད་རང་དབང་མེད་པའི་བོད་མི་རྣམས་ཀྱི་མགྲིན་ཚབ་པ་ཞིག་ཀྱང་ཡིན།

ལྕམ་སྐུ་ཁྱེད་ནི་དྲང་བདེན་དང་། འགྲོ་བ་མིའི་རིན་ཐང་བཅས་ཀྱི་ཐོག་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པར་ང་ཚོས་ཡིད་ཆེས་ཡོད། སྐུ་ཉིད་ནས་བོད་ཀྱི་རྩ་དོན་རྒྱལ་སྤྱིའི་སྡིངས་ཆའི་ཐོག་སླེབས་རྒྱུར་ད་བར་སྐུ་ངལ་ཆེན་པོ་བསྐྱོན་པར་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

ད་ལྟའི་ཆར་འཛམ་གླིང་ཁྱོན་ཡོངས་ནང་ཏོག་དབྱིབས་གཉན་རིམས་རྒྱ་ཁྱབ་ཏུ་འགྲོ་བཞིན་པའི་སྐབས་འདིར་གཏམ་བཟང་དེ་འདྲ་ཞིག་ཐོན་པ་དེས་ང་ཚོ་བོད་མི་ཚོ་དང་། མང་གཙོར་དགའ་ཞེན་ཡོད་མཁན་རྣམས་དགའ་ཚོར་ཆེན་པོ་བྱུང་བ་མ་ཟད། རེ་བ་གསར་པ་ཞིག་སྤྲད་གནང་ཡོད།

ལྕམ་སྐུ་ཁྱེད་ནི་བོད་ནང་གི་གནས་སྟངས་ཐོག་རྒྱུས་མངའ་གཏིང་ཟབ་ཡོད་མཁན་ཞིག་རེད། སྐུ་ཉིད་ནས་མཁྱེན་གསལ་ལྟར། ད་ལྟ་བོད་ནང་རྒྱ་ནག་དམར་གཞུང་འོག་བོད་མི་རྣམས་མུ་མཐུད་གདུག་སྦྱོང་མནར་གཅོད་མྱོང་བཞིན་ཡོད། བོད་ནང་གི་གནས་སྟངས་ནི་དེ་ལྟར་དཀའ་ངལ་ཆེན་པོ་ཡོད་ནའང་། བོད་དོན་རྒྱབ་སྐྱོར་བ་ལྕམ་སྐུ་ཁྱེད་ལྟ་བུ་ཡོད་སྟབས། མགྱོགས་མྱུར་བོད་ནང་རང་དབང་སླར་གསོ་དང་ཞི་བདེ་ལྷིང་འཇགས་ཡོང་རྒྱུར་ང་ཚོས་རེ་བ་བྱེད་ཀྱི་ཡོད།

བོད་པའི་འཐབ་རྩོད་ཐོག་གྲོགས་པོ་བརྟན་པོ་ལྕམ་སྐུ་ཁྱེད་ལྟ་བུ་ཡོད་པ་ནི་ང་ཚོར་བཀའ་དྲིན་ཆེན་པོ་ཡིན་པ་དང་། འབྱུང་འགྱུར་སྐུ་ཉིད་དང་ལྷན་འབྲེལ་བ་སྔར་ལྷག་དམ་ཟབ་ཡོང་ངེས་ཡིན། གོ་སྐབས་འདི་བརྒྱུད་སྐུ་ཉིད་ནས་ད་བར་བོད་དོན་ཐོག་ལྷག་བསམ་རྣམ་དག་གིས་རྒྱབ་སྐྱོར་གནང་བར་ང་ཚོས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། དེ་བཞིན་ཨ་རིའི་གྲོས་ཚོགས་ནང་བོད་དོན་དང་འབྲེལ་བའི་གལ་ཆེའི་ཁྲིམས་འཆར་ཁག་གཏན་འབེབས་གནང་བ་དང་། སྐུ་ཉིད་ནས་ཨ་རིའི་ཆབ་སྲིད་ཚོགས་པ་ཐུན་མོང་ལས་གྲུབ་པའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་བོད་ནང་སྣེ་འཁྲིད་གནང་བ་སོགས་ག་དུས་ཡིན་ནའང་བོད་ཀྱི་རྩ་དོན་ཐོག་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཤིན་ཏུ་ཆེ་ཞེས་ཞུ་རྒྱུ་ཡིན།

སྐུ་ཉིད་ནི་བོད་པའི་གནད་དོན་ཐོག་ཐུགས་ཁུར་ཆེན་པོ་གནང་མཁན་ཞིག་ཡིན་སྟབས། མ་འོངས་པར་མུ་མཐུད་ང་ཚོའི་མཉམ་དུ་ཡོད་པའི་ཡིད་ཆེས་ཡོད།

ཁྱེད་ཀྱི་དབུ་འཁྲིད་དང་། རྩ་དོན་ཐོག་ཕྱག་ལས་གནང་ཕྱོགས་ལ་ང་ཚོ་ཚང་མས་ཡིད་སྨོན་ཆེན་པོ་བྱེད་ཀྱི་ཡོད། འཚེ་བ་མེད་པར་གཞི་བཅོལ་བའི་ང་ཚོའི་འཐབ་རྩོད་དང་། ང་ཚོས་རྒྱ་ནག་གཞུང་གི་རྩ་ཁྲིམས་འོག་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་བྱེད་བཞིན་ཡོད་པའི་ཐོག་ཨ་རིའི་གཞུང་མང་གཉིས་ནས་མུ་མཐུད་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུ་རྒྱུ་ཡིན་ཞེས་འཁོད་འདུག

Menu