ཨ་རིའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པ།

༄༅། ། ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༣ ཉིན་དཔལ་ལྡན་ཚོགས་གཙོ་པདྨ་འབྱུང་གནས་མཆོག་བཞུགས་སྒར་༧རྒྱལ་བའི་ཕོ་བྲང་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་ལ་གཟིམ་ཆུང་མཇལ་ཁ་སྩོལ་སྐབས་མཉམ་ཞུགས་གནང་ཡོད་པ་དང་། ཉིན་རྒྱབ་ཆུ་ཚོད་ ༢།༣༠ ཙམ་གྱི་ཐོག་ཨ་རིའི་གྲོས་ཚོགས་འོག་མའི་མང་གཙོ་མཉམ་སྦྲེལ་ཚོགས་ཆུང་ (House Democracy Partnership) གི་ཚོགས་གཙོ་སྐུ་ཞབས་ཌེ་ཝིཌ་ པ་རཡིས་ (David Price) མཆོག་དང་། ཚོགས་གཞོན་སྐུ་ཞབས་ཝན་ བྷུ་ཁ་ནན་ (Vern Buchanan) མཆོག  ཚོགས་མི་ལྕམ་སྐུ་སུ་སན་ ཌེ་ཝི་ས་ (Susan Davis) མཆོག  ཚོགས་མི་སྐུ་ཞབས་ནེལ་ ཌུན་ (Neal Dunn) མཆོག ཚོགས་མི་སྐུ་ཞབས་ཇོན་ རུ་ཐར་ཕོར་ཌི་ (John Rutherford) མཆོག་བཅས་དང་། འབྲེལ་ཡོད་ལས་བྱེད་བཅས་ཁྱོན་མི་སུམ་ཅུ་ལྷག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཆེད་ཕེབས་གནང་ཡོད།

སྐབས་དེར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་གཙོས་སྤྱི་འཐུས་རྒྱུན་ལས་རྣམ་པས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་དང་། གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་དུ་གདན་ཞུས་གནང་རྗེས། སྤྱི་འཐུས་རྒྱུན་ལས་ཚོགས་ཁང་ནང་ཨ་རིའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་རྣམས་དང་། སྤྱི་འཐུས་རྒྱུན་ལས་རྣམ་པ་ལྷན་འཛོམས་ཐོག་དཔལ་ལྡན་ཚོགས་གཞོན་ཨཅྰརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་སྤྱི་འཐུས་རྒྱུན་ལས་རྣམ་པ་ངོ་སྤྲོད་དང་། དེ་ནས་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཐོག་མར་འཚམས་འདྲིའི་གསུང་བཤད་གནང་དོན། ཐོག་མར་དེ་རིང་འདིར་ཕེབས་པའི་ཨ་རིའི་གྲོས་ཚོགས་འཐུས་མི་རྣམ་པར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་།

ཨ་རིའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་བཞུགས་སྒར་དུ་བསྐྱར་དུ་ཕེབས་པ་དེ་ང་ཚོས་དགའ་སྤོབས་བྱེད་འོས་པ་ཞིག་དང་། ཁྱེད་རྣམ་པས་དུས་ནས་དུས་སུ་འདིར་ཕེབས་པ་དེས་བོད་ཀྱི་བདེན་པའི་འཐབ་རྩོད་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་བཞིན་ཡོད་པ་ར་སྤྲོད་གནང་ཡོད་པ་མ་ཟད། དྲང་བདེན་དང་བདེན་པའི་རྒྱབ་ལངས་བྱེད་བཞིན་ཡོད་པ་ཡང་བསྐྱར་གསལ་པོ་བསྟན་ཡོད། བྱས་ཙང་ངས་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ནས་ཁྱེད་རྣམས་རྡ་སར་ཕེབས་པ་དང་། གཉན་འཕྲང་ཅན་གྱི་དུས་ཚོད་འདིར་བོད་ཀྱི་བདེན་པའི་འཐབ་རྩོད་ཐོག་རྒྱབ་སྐྱོར་གནང་བར་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ་ཡིན།

ཨ་རིའི་རྒྱལ་ཁབ་ནི་རང་དབང་ཅན་གྱི་རྒྱལ་ཁབ་ཅིག་དང་། འཛམ་གླིང་ཞི་བདེ་ལྷིང་འཇགས་ཡོང་རྒྱུར་འགན་འཁུར་གཙོ་བོ་བཞེས་མཁན་ཞིག་ཡིན། སྟོབས་ཆེན་རྒྱལ་ཁབ་འདིས་རྟག་ཏུ་འཛམ་གླིང་ནང་མི་རིགས་མང་པོའི་རྨི་ལམ་མངོན་འགྱུར་ཐུབ་པ་བྱེད་པ་དང་། འཛམ་གླིང་མི་མང་རྣམས་ཀྱི་མདུན་དུ་མིག་དཔེར་འོས་པའི་རྒྱལ་ཁབ་ཅིག་ཡིན།

ཨ་རིའི་གཞུང་མང་གཉིས་ནས་དུས་ཡུན་རིང་པོའི་སྔོན་ནས་བོད་མི་རྣམས་དང་། བོད་ཀྱི་བདེན་པའི་འཐབ་རྩོད་ཐོག་རྒྱབ་སྐྱོར་གནང་དང་གནང་བཞིན་ཡོད་པ་དང་། དེ་བཞིན་ཨ་རི་ནི་བོད་མིའི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་ངོ་བོ་སྲུང་སྐྱོབ་ཡོང་རྒྱུར་རོགས་རམ་གནང་མཁན་གྱི་རྒྱལ་ཁབ་ཐོག་མའི་གྲས་ཤིག་སྟེ། ཕྱི་ལོ་ ༡༩༧༩ ལོ་ནས་འགོ་འཛུགས་ཏེ་མུ་མཐུད་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨ་རིར་གདན་ཞུ་དང་། དེ་ནས་རིམ་པས་ཆེས་མཐོའི་གཟེངས་རྟགས་མང་པོ་འབུལ་བཞེས་མཛད་པ། ཕྱི་ལོ་ ༡༩༩༠ ནང་ཨ་རིར་བོད་མི་གནས་སྤོ་བྱེད་རྒྱུའི་ལས་གཞི་དང་། བོད་དོན་སྲིད་བྱུས་ཕྱི་ལོ་ ༢༠༠༢ (Tibet Policy Act of 2002)དང་། བོད་ནང་ཕར་འགྲོ་ཚུར་འོང་གི་གོ་སྐབས་འདྲ་མཉམ་གྱི་ཁྲིམས། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་། ཆོས་ལུགས་རང་དབང་དགོས་པ། དམིགས་བསལ་གྱིས་བོད་ཀྱི་བླ་མའི་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ཐད་རྒྱ་ནག་གཞུང་གིས་ཐེ་བྱུས་མེད་པར་བོད་མི་ཚོར་རང་དབང་ཡོད་སྐོར་སོགས་ཀྱི་གྲོས་ཆོད་གཏན་འབེབས་དང་། གཞན་ཡང་བོད་ནང་རང་ལུས་མེར་བསྲེགས་གནང་མཁན་རྣམས་ཀྱི་ཆེད་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་དང་བསྒྲགས་གཏམ་སྤེལ་བ། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་དང་། ༧གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་ནག་གི་འགོ་འཁྲིད་དབར་གྲོས་མོལ་བསྐྱར་གསོ་བྱེད་དགོས་པ་སོགས་ཀྱི་གྲོས་ཆོད་མང་པོ་བཞག་གནང་ཡོད། ལྷག་པར་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ནེན་སི་པི་ལོ་སི་མཆོག་གིས་སྣེ་འཁྲིད་པའི་ཨ་རིའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་ཞིག་ཕྱི་ལོ་ ༢༠༡༥ ལོར་བོད་ནང་གཟིགས་སྐོར་ཕེབས་པ་དང་། སྐུ་ཚབ་ཚོགས་ཆུང་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་པོ་ཏྰ་ལའི་ནང་༧ཞབས་སོར་འཁོད་ཐུབ་པ་བྱ་རྒྱུའི་དམ་བཅའ་བཞག་ཡོད་པ་དེས་ཨ་རིའི་གྲོས་ཚོགས་ནས་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། བོད་ཀྱི་བདེན་པའི་འཐབ་རྩོད་ཐོག་རྒྱབ་སྐྱོར་ཤུགས་ཆེ་ཡོད་པ་མཚོན་གྱི་ཡོད།

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། བོད་མིའི་སྒྲིག་འཛུགས། བོད་རིགས་མི་མང་བཅས་ནས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ལ་ཡིད་ཆེས་དང་རྒྱབ་སྐྱོར་ཤུགས་ཆེ་བྱེད་བཞིན་ཡོད་སྟབས། དེ་རིང་གི་སྡིངས་ཆ་འདི་བརྒྱུད་གསལ་པོར་ཞུ་རྒྱུར། ང་ཚོས་རྒྱ་ནག་ནས་ཁ་བྲལ་ཏེ་རང་བཙན་རྩོད་ཀྱི་མེད་པར། བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཡོང་ཐབས་བྱེད་བཞིན་ཡོད། གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ནི་རྒྱ་ནག་མི་དམངས་དང་བོད་མི་གཉིས་ཀར་ཕན་པའི་དངོས་ཡོད་གནས་ཚུལ་དང་མཐུན་པའི་སྲིད་བྱུས་ཤིག་ཡིན། འབྱུང་འགྱུར་བོད་དང་རྒྱ་ནག་གི་འབྲེལ་ལམ་ནི་ཕན་ཚུན་གུས་བརྩི་དང་ཡིད་ཆེས་ལ་གཞིར་བཞག་དགོས་པ་དང་། བོད་རྒྱའི་དཀའ་རྙོག་དང་གནད་དོན་གང་ཞིག་དམག་ལྟ་བུ་དྲག་སྤྱོད་ཀྱི་ལམ་ནས་གསལ་ཐབས་བྱ་རྒྱུ་མ་ཡིན་པར། ཕན་ཚུན་བསམ་ཤེས་ཐོག་ནས་གནད་དོན་གསལ་ཐབས་བྱེད་དགོས།

དེ་རིང་ང་ཚོ་འདིར་མཉམ་འཛོམས་གནང་བ་དེ་རྒྱ་ནག་གཞུང་ལ་ཁོང་ཁྲོ་སློང་ཡག་དང་། རྒྱ་ནག་གཞུང་ཕམ་ཉེས་གཏོང་རྒྱུའི་ཇུས་ངན་གཤོམ་གྱི་མེད་པར། ད་ལྟའི་རྒྱ་ནག་གི་འགོ་འཁྲིད་ཚོར་ང་ཚོས་བོད་ཀྱི་གནད་དོན་གྲོས་མོལ་བརྒྱུད་ཞི་བའི་ཐོག་ནས་གསལ་ཐབས་བྱ་རྒྱུའི་འདུན་པ་ཤུགས་ཆེ་ཡོད་པའི་བརྡ་ལན་སྤྲོད་ཀྱི་ཡོད། བོད་ནང་གི་ད་ལྟའི་གནས་སྟངས་ནི་ཛ་དྲག་ཆེན་པོ་ཡིན་པ་དང་། ང་ཚོས་རྒྱ་ནག་གཞུང་ལ་བོད་ནང་ཡོད་པའི་བོད་མི་རྣམས་ལ་རྡུང་རྡེག་ཚ་ནན་དང་། དྲག་གནོན་སོགས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་མི་གཏོང་བའི་འབོད་སྐུལ་ཞུས་དང་ཞུ་བཞིན་ཡོད།

དེ་རིང་འདིར་ཕེབས་པའི་ཨ་རིའི་གྲོས་ཚོགས་འཐུས་མི་རྣམ་པ་དང་། བོད་ཀྱི་བདེན་པའི་འཐབ་རྩོད་ཐོག་རྟག་ཏུ་རྒྱབ་སྐྱོར་གནང་མཁན་གྱི་ཨ་རིའི་གྲོས་ཚོགས་འཐུས་མི་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་རྣམས་ང་ཚོའི་འདུ་འཛོམས་འདིའི་ནང་ལྷན་བཞུགས་གནང་བ་དེས་ང་ཚོར་སྤྲོ་སྣང་ཆེན་པོ་སྦྱིན་པ་མ་ཟད། རྒྱ་ནག་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་འོག་སྡུག་བསྔལ་མྱོང་བཞིན་ཡོད་པའི་བོད་མི་ཚོར་རེ་བའི་བརྡ་ལན་ཞིག་ཀྱང་སྤྲད་ཐུབ་ཡོད། དེས་མ་ཚད། ཁྱེད་རྣམས་འདིར་མཉམ་ཞུགས་གནང་བ་དེས་རང་དབང་ཅན་གྱི་རྒྱལ་ཁབ་གཞན་ཚོར་འཛམ་གླིང་ཞི་བདེ་ཡོང་རྒྱུར་བཟང་སྤྱོད་ཀྱི་འགན་ཁུར་བླངས་དགོས་པ་དང་། འཛམ་གླིང་ནང་ལ་དྲང་བདེན་མ་ཡིན་པར་སྐྱོན་བརྗོད་བྱེད་དགོས་པའི་མིག་དཔེ་ཡག་པོ་ཞིག་ཀྱང་བསྟན་ཡོད།

ངས་སླར་ཡང་ཁྱེད་རྣམ་པས་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། མུ་མཐུད་བོད་དོན་ཐོག་གང་ཐུབ་ཀྱིས་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་དང་། ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇིམ་ མེག་གྷོ་ཝན་མཆོག་གིས་འབྱུང་འགྱུར་གྲོས་ཚོགས་སུ་བོད་དོན་དང་འབྲེལ་བའི་ཁྲིམས་འཆར་གསར་པ་ཞིག་འདོན་གནང་གི་ཡོད་འདུག་པས། རྣམ་པ་ཚོ་ཚང་མས་དེར་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་གསུངས་གནང་ཡོད་པ་དང་། གཞན་ཡང་དཔལ་ལྡན་ཚོགས་གཙོ་མཆོག་གི་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་ལ་གསུངས་གནང་སོང་།

དེ་རྗེས། ཨ་རིའི་གྲོས་ཚོགས་འོག་མའི་མང་གཙོ་མཉམ་སྦྲེལ་ཚོགས་ཆུང་ (House Democracy Partnership) གི་ཚོགས་གཙོ་སྐུ་ཞབས་ཌེ་ཝིཌ་ པ་རཡིས་ (David Price) མཆོག་གིས་ཨ་རིའི་གྲོས་ཚོགས་འོག་མའི་མང་གཙོ་མཉམ་སྦྲེལ་ཚོགས་ཆུང་ནས་འཛམ་གླིང་ནང་མང་གཙོའི་རིང་ལུགས་ཐོག་བསྐྱོད་རྒྱུར་འབད་བརྩོན་བྱེད་མཁན་གྱི་རྒྱལ་ཁབ་ཁག་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་སྐོར་དང་། བཞུགས་སྒར་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་གཟིམ་ཆུང་མཇལ་ཁ་ཞུ་རྒྱུ་དང་། བཙན་བྱོལ་བོད་མིའི་ཁྱད་པར་ཅན་གྱི་མང་གཙོའི་སྒྲིག་འཛུགས་དང་ལྷན་མང་གཙོའི་ཐོག་ཕན་ཚུན་གོ་བསྡུར་སྦྱངས་བཤད་བྱེད་རྒྱུའི་སླད་རྡ་སར་ཆེད་ཕེབས་གནང་ཡོད་སྐོར་གསུངས་གནང་སོང་།

དེ་ནས་གྲོས་ཚོགས་འཐུས་མི་རྣམ་པ་དང་། སྤྱི་འཐུས་རྒྱུན་ལས་རྣམ་པའི་དབར་ཕན་ཚུན་དྲི་བ་དྲིས་ལན་དང་། གྲོས་བསྡུར་ལྷུགས་པོ་གནང་རྗེས། དཔལ་ལྡན་ཚོགས་གཞོན་མཆོག་གིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ཡོད་པ་བཅས། །

Menu