ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཊེཌ་ཡོ་ཧོ་མཆོག་གིས་ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་དོན་རྒྱབ་སྐྱོར་ཀྱི་གྲོས་ཆོད་བཏོན་གནང་བར་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཐུགས་རྗེ་ཆེ་ཞུས་གནང་བ།

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༢༠ རེས་གཟའ་པ་སངས་ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་གཞིས་བྱེས་བོད་མི་ཡོངས་དང་། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཊེཌ་ཡོ་ཧོ་ (Ted Yoho) མཆོག་གིས་གྲོས་ཚོགས་འོག་མའི་ནང་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་དང་། བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་སྤྱིའི་ནང་ཞི་བདེ་དང་། འཆམ་མཐུན་ཡོང་ཐབས་སོགས་ཀྱི་མཛད་འཕྲིན་བསྐྱངས་དང་སྐྱོང་བཞིན་པ་ཁག་ལ་རྒྱབ་སྐྱོར་ངོས་འཛིན་གནང་དགོས་པ་གལ་ཆེ་ཡིན་པའི་གྲོས་ཆོད་ཅིག་བཏོན་གནང་བར་ཐུགས་རྗེ་ཆེ་ཞུས་གནང་འདུག

ཐུགས་རྗེ་ཆེ་ཞུའི་འཕྲིན་ཡིག་ནང་འཁོད་དོན། ཨ་རིའི་གྲོས་ཚོགས་འོག་མའི་ནང་གྲོས་ཆོད་དེ་བཞིན་སྤྱི་མོས་ཐོག་གཏན་འབེབས་གནང་བའི་གནས་ཚུལ་ཐོས་འཕྲལ་ང་ཚོ་ཚང་མ་ཤིན་ཏུ་ནས་དགའ་ཚོར་ཆེན་པོ་བྱུང་། སྐུ་ཞབས་ཁྱེད་དང་། གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་ (Jim McGovern) མཆོག གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་མའི་ཀལ་མེག་ཀོལ་ (Michael McCaul) མཆོག གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཁེ་རེཡ་ས་སི་མི་ཐི་ (Chris Smith) མཆོག་བཅས་ནས་ན་ནིང་གྲོས་ཆོད་དེ་ཨ་རིའི་གྲོས་ཚོགས་ནང་ངོ་སྤྲོད་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

དེ་བཞིན་ད་བར་ཨ་རིའི་གྲོས་ཚོགས་ནང་ཁྲིམས་དང་། གྲོས་ཆོད་སོགས་ངོ་སྤྲོད་གཏན་འབེབས་གནང་སྟེ་བོད་ཀྱི་ཆབ་སྲིད་འཐབ་རྩོད་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་བར་བཀའ་དྲིན་ཆེ་ཞེས་ཞུ་རྒྱུ་དང་། དེས་ཨ་རིའི་རྒྱལ་ཁབ་ནི་ཡར་ཐོན་ཅན་གྱི་སྤྱི་ཚོགས་ཀྱི་གཞི་རྩའི་རྩ་དོན་གཞིར་བཟུང་དྲང་བདེན་ཕྱོགས་ལ་ལངས་ཀྱི་ཡོད་པ་གསལ་པོར་མཚོན་ཐུབ།

གྲོས་ཆོད་ནང་འཁོད་དོན། ༡) བོད་ཀྱི་ཆོས་དང་། རིག་གཞུང་གི་གལ་གནད་ཐོག་ནས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཀྱི་གནས་བབ་ལ་ངོས་འཛིན་དགོས་པ་དང་། ཨ་རི་དང་བོད་དབར་ལོ་རྒྱུས་ཐོག་མཛའ་འབྲེལ་གཏིང་ཟབ་ཡོད་པ་དེ་དག་ངོས་འཛིན་ཐུབ་དགོས་པ།

༢) བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ནང་འཚེ་མེད་ཞི་བདེ་གོང་སྤེལ་གཏོང་རྒྱུའི་རླབས་ཆེན་གྱི་མཛད་བཟང་ལ་ཆེ་བསྟོད་ཞུ་རྒྱུ།

༣) རྒྱལ་སྤྱིའི་རྩོད་རྙོག་ཁག་ཞི་བའི་ཐོག་ནས་སེལ་ཐབས་སུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀའི་འཐུས་མིའི་དབར་བགྲོ་གླེང་ལྷན་ཚོགས་གོ་སྒྲིག་གནང་ན་ཕན་ཐོགས་ཆེན་པོ་ཡོད་པ་སོགས་འཁོད་གནང་འདུག

གོང་དུ་གྲོས་ཆོད་ནང་འཁོད་པའི་གནད་དོན་དེ་དག་ནི་ཤིན་ཏུ་ནས་གལ་འགངས་ཆེན་པོ་ཡིན་པ་དང་། དེས་སྐུ་ཞབས་ཊེཌ་ཡོ་ཧོ་མཆོག་ནི་དངོས་ཡོད་གནས་ཚུལ་ཐོག་གོ་རྟོགས་རྒྱ་ཆེ་ཡོད་པ་ཙམ་མ་ཟད། དེའི་ཐོག་ལངས་ཀྱི་ཡོད་པ་མཚོན་ཐུབ། བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ནང་ཞི་བདེ་དང་། འཆམ་མཐུན་ཡོང་རྒྱུའི་ཐོག་ནུས་པ་ཆེན་པོ་བཏོན་གནང་ཡོད། ཁྱེད་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་མཛད་འཕྲིན་ཁག་ལ་ངོས་འཛིན་གནང་བར་ང་ཚོས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཨ་རིའི་གཞུང་མང་གཉིས་ནས་ད་བར་བོད་དོན་ཐོག་ཆོད་སེམས་བརྟན་པོས་རྒྱབ་སྐྱོར་གནང་བ་ནི་ང་ཚོ་བོད་མི་ཚོར་མཚོན་ན་ཤིན་ཏུ་ནས་བཀའ་དྲིན་ཆེན་པོ་ཡིན། ཁྱེད་རྣམས་ནས་མུ་མཐུད་བོད་དོན་བདེན་མཐའ་མ་གསལ་བར་རྒྱབ་སྐྱོར་གནང་རྒྱུར་ང་ཚོས་འབོད་སྐུལ་ཞུ་རྒྱུ་ཡིན། ཁྱེད་རྣམ་པས་རྒྱབ་སྐྱོར་གནང་བ་དེས། རྒྱལ་སྤྱིའི་ནང་རྒྱལ་ཁབ་གཞན་གྱི་གྲོས་ཚོགས་ནས་བོད་དོན་ཐོག་རྒྱབ་སྐྱོར་ཐོབ་རྒྱུར་ཁྱད་པར་ཆེན་པོ་བཟོ་གི་ཡོད།

ངས་སླར་ཡང་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། སྐུ་ཞབས་ཁྱེད་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་འཁོད་འདུག་པ་བཅས། །

Menu