ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇོན་ལེ་ཝི་སི་མཆོག་སྐུ་ཚེའི་འཕེན་པ་རྫོགས་པར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཐུགས་གསོའི་གསུང་འཕྲིན་གནང་བ།

༄༅། །ཨ་རིའི་གྲོས་ཚོགས་འཐུས་མི་དང་། ཨ་རིའི་སྤྱི་དམངས་ཐོབ་ཐང་རྩོད་ལེན་པ་གྲགས་ཅན་སྐུ་ཞབས་ཇོན་ལེ་ཝི་སི་མཆོག་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོ་བའི་གནས་ཚུལ་ཐོན་པར། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་གཞིས་བྱེས་བོད་མི་ཡོངས་དང་། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༢༡ ཉིན་དམ་པ་ཁོང་གི་ནང་མི་ཉེ་འབྲེལ་ལྟོས་བཅས་ཡོངས་ལ་ཐུགས་གསོའི་གསུང་འཕྲིན་ཞིག་ཕུལ་འདུག

ཐུགས་གསོའི་གསུང་འཕྲིན་ནང་འཁོད་དོན། ང་ཚོ་ཚང་མས་མཁྱེན་གསལ་ལྟར། སྐུ་ཞབས་ལེ་ཝི་སི་མཆོག་ཨ་རིའི་མི་རིགས་ནག་པོའི་སྤྱི་དམངས་རང་དབང་དང་འདྲ་མཉམ་འཐབ་རྩོད་པ་གྲགས་ཅན་སྐུ་ཞབས་མར་ཊིན་ལུ་ཐར་ཀིངྒ་མཆོག་གི་རྗེས་སུ་འབྲངས་ནས། ཨ་རིའི་མི་རིགས་ནག་པོའི་སྤྱི་དམངས་ཐོབ་ཐང་རྩོད་ལེན་ལས་འགུལ་ནང་མཉམ་ཞུགས་གནང་ཡོད་པ་དང་། ཁོང་གིས་སྐུ་ཞབས་མར་ཊིན་ལུ་ཐར་ཀིངྒ་མཆོག་ངོ་མཁྱེན་པ་ཙམ་མ་ཟད། ཁོང་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་ཡོད།

ཁོང་ནི་མི་རིགས་དབྱེ་འབྱེད་ལ་ངོ་རྒོལ་དང་། འདྲ་མཉམ་ཐོབ་ཐང་རྩོད་ལེན་གྱི་ལས་འགུལ་ནང་རྒྱུན་དུ་མཉམ་ཞུགས་གནང་མཁན་གྲས་ཤིག་ཡིན་སྟབས། ཁོང་ནི་སྤྱི་དམངས་ཐོབ་ཐང་རྩོད་མཁན་གྱི་དཔའ་བོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། དེ་བཞིན་སྐུ་ཞབས་ཁོང་གིས་བདག་ཉིད་ཆེན་པོ་གན་དྷིའི་འཚེ་མེད་ཞི་བའི་ཐབས་ལམ་ཐོག་བསྐྱོད་བཞིན་ཡོད་པ་དང་། ཐབས་ལམ་དེར་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཀྱང་ཡིད་སྨོན་དང་། དུས་ནས་དུས་སུ་ཁྱབ་སྤེལ་གནང་བཞིན་ཡོད། དེས་མ་ཟད་དེ་ནི་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་ཀྱི་ལངས་ཕྱོགས་ཤིག་ཀྱང་ཡིན།

སྐུ་ཞབས་ལེ་ཝི་སི་མཆོག་གི་སྐུ་ཚེའི་མཛད་རྗེས་དག་གིས་ང་ཚོར་འཚེ་མེད་ཞི་བའི་ཐབས་ལམ་ལ་བརྟེན་ནས་དཀའ་ངལ་ཁག་ལ་གདོང་ལེན་བྱ་རྒྱུའི་ཡིད་ཆེས་བློ་སྟོབས་དགོས་རྒྱུ་དང་། དེ་དང་མཉམ་དུ་དགོས་མཁོ་མཆིས་ཚེ་ནོར་འཁྲུལ་ལ་ངོ་རྒོལ་བྱེད་དགོས་པའི་སེམས་ཤུགས་སྤར་གྱི་ཡོད།

ང་ཚོས་སྤྱི་དམངས་ཐོབ་ཐང་ལས་འགུལ་གྱི་འཐབ་རྩོད་པ་དང་། འཚེ་མེད་ཞི་བའི་དབུ་འཁྲིད་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇོན་ལེ་ཝི་སི་མཆོག་ལ་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་དང་། སྐུ་ཞབས་ཁོང་གིས་བཞག་པའི་སྐུ་ཚེའི་མཛད་རྗེས་དང་རིན་ཐང་བཅས་བརྒྱུད་འཛམ་གླིང་ཡར་རྒྱས་གོང་འཕེལ་ཡོང་རྒྱུར་མུ་མཐུད་མི་རབས་རྗེས་མ་རྣམས་སེམས་ཤུགས་སྤར་གྱི་རེད། ཅེས་འཁོད་གནང་འདུག

གསུང་འཕྲིན་ངོ་མ་འདིར་གཟིགས་དང་།