ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཇོན་ཨོ་སོབ་མཆོག་གིས་སྣེ་ཁྲིད་པའི་ཨ་རིའི་སྐུ་ཚབ་ཚོགས་ཆུང་ཞིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པ།

༄༅། ། ཕྱི་ལོ་ ༢༠༢༢ ཟླ་ ༩ ཚེས་ ༣ ཉིན་གྱི་སྔ་དྲོ་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཇོན་ ཨོ་སོབ་ (US Senator Jon Ossoff) མཆོག་གིས་སྣེ་ཁྲིད་པའི་ཨ་རིའི་སྐུ་ཚབ་ཚོགས་ཆུང་ཞིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་འཚམས་གཟིགས་ཕེབས་གནང་ཡོད།

སྐབས་དེར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་གཙོས་པའི་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་། ཚོགས་དྲུང་ལས་ཁུངས་ཀྱི་ཚོགས་དྲུང་གཙོས་པའི་ལས་བྱེད་རྣམ་པས་སྣེ་ལེན་གཟབ་རྒྱས་ཞུས་རྗེས། གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་ཕེབས་པ་དང་། དེའི་སྐབས་དཔལ་ལྡན་ཚོགས་གཞོན་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་དང་། གྲོས་ཚོགས་ཚོགས་དུས་གཉིས་ཀྱི་སྐོར། སྤྱི་འཐུས་རྒྱུན་ལས་རྣམ་པའི་ལས་དོན་གནང་ཕྱོགས། དེ་བཞིན་ས་གནས་འཐུས་ཚོགས་སྐོར་སོགས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་སྙིང་བསྡུས་ངོ་སྤྲོད་གནང་རྗེས། སྤྱི་འཐུས་རྒྱུན་ལས་ཚོགས་ཁང་ནང་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཇོན་ ཨོ་སོབ་ (US Senator Jon Ossoff) མཆོག་གིས་སྣེ་ཁྲིད་པའི་ཨ་རིའི་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་རྣམ་པ་དང་། དཔལ་ལྡན་ཚོགས་གཞོན་མཆོག་གིས་གཙོས་པའི་སྤྱི་འཐུས་རྒྱུན་ལས་རྣམ་པའི་དབར་མཇལ་འཕྲད་གནང་ཡོད།

མཇལ་འཕྲད་སྐབས་ཐོག་མར་དཔལ་ལྡན་ཚོགས་གཞོན་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། ཁོང་རྣམས་འདིར་ཕེབས་པར་འཚམས་འདྲི་དང་སྦྲགས། བོད་མིའི་སྒྲིག་འཛུགས་ནི་གཞིས་བྱེས་བོད་མི་ཡོངས་ཀྱི་མགྲིན་ཚབ་ངོ་མ་ཡིན་པ་དང་། ད་རེས་ཁོང་རྣམས་འདིར་ཕེབས་ནས་བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་རྣམས་ཐུག་འཕྲད་གནང་བ་དེས། རྒྱལ་སྤྱི་དང་། ལྷག་པར་དུ་རྒྱ་ནག་གཞུང་ལ་བརྡ་ལན་གསལ་པོ་ཞིག་སྤྲད་ཡོད་པའི་སྐོར་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ངོས་ནས་རྒྱལ་སྤྱིའི་ནང་བོད་དོན་ཐོག་རྒྱབ་སྐྱོར་ཐོབ་སླད། རྒྱལ་སྤྱིའི་དབུ་ཁྲིད་རྣམས་དང་ལྷན་མཇལ་འཕྲད་ཀྱིས་བོད་དོན་སྐོར་ཞུ་སྐུལ་གནང་བཞིན་ཡོད་པའི་སྐོར། དེ་བཞིན་འདས་པའི་ལོ་ངོ་དྲུག་ཅུའི་རིང་བོད་མི་ཚོའི་ངོས་ནས་རྒྱལ་སྤྱིའི་དབུ་ཁྲིད་རྣམས་ལ་རྒྱ་ནག་གཞུང་ནི་ཡིད་ཆེས་བྱེད་ཐབས་མེད་པ་ཞིག་དང་། ཁ་ཞེ་མི་མཐུན་པ་ཞིག་ཡིན་སྐོར་ཞུས་ཡོད་ཀྱང་རྒྱལ་སྤྱིའི་ནང་དེ་ཙམ་དོ་སྣང་སྤྲད་མེད་པ་དང་། འོན་ཀྱང་ཉེ་ཆར་རྒྱ་ནག་གཞུང་གི་བྱ་སྤྱོད་ལ་བརྟེན་ནས་འཛམ་གླིང་ཁྱོན་ཡོངས་སུ་ཏོག་དབྱིབས་རིམས་ནད་ཁྱབ་གདལ་ཤུགས་ཆེར་ཕྱིན་ནས་མི་རྒྱུ་གཉིས་ལ་ཚད་ལས་འདས་པའི་དཀའ་ངལ་བཟོས་པ་དེས་རྒྱལ་སྤྱིའི་ནང་རྒྱ་ནག་གཞུང་གི་གདོང་རིས་ངོ་མ་དེ་གསལ་པོར་བསྟན་ཡོད་པའི་སྐོར་གསུངས་པ་དང་།

དེ་བཞིན་བོད་ནང་རྒྱ་ནག་དམར་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་འོག བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་། རིག་གཞུང་། སྐད་ཡིག དེ་བཞིན་བོད་མིའི་ངོ་བོ་དང་བཅས་པ་འཆར་གཞི་དང་ལྡན་པའི་ཐོག་ནས་རྩ་མེད་བཟོས་དང་བཟོ་བཞིན་ཡོད་པ་དང་། བོད་ནང་བོད་མི་རྣམས་ཀྱི་རང་དབང་ཡོངས་རྫོགས་འཕྲོག་པ་མ་ཟད། གདུག་སྦྱོང་མནར་གཅོད་མུ་མཐུད་བཏང་དང་གཏོང་བཞིན་ཡོད་པར། བོད་མི་རྣམས་མི་བཟོད་པར་ད་བར་བོད་མི་གྲངས་ ༡༥༧ གྱིས་བོད་དོན་ཆེད་རང་ལུས་མེར་བསྲེགས་གནང་བ་སོགས་ད་ཆ་བོད་ནང་རིག་གནས་གསར་བརྗེ་གཉིས་པ་བསྐྱར་ལོག་བྱུང་བ་ལྟ་བུའི་གནས་སྟངས་ཆགས་ཡོད་པ་སོགས་བོད་ནང་གི་ཛ་དྲག་གི་གནས་སྟངས་སྐོར་དང་། ལྷག་པར་དུ་རྒྱ་ནག་གཞུང་གིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་ཐད་ངན་བྱུས་བཏིང་དང་འདིང་བཞིན་ཡོད་པ་དང་། རྒྱ་ནག་དམར་གཞུང་གིས་བོད་ཀྱི་ས་ཁྱོན་ཡོངས་རྫོགས་བཙན་བཟུང་བྱས་ཡོད་ཀྱང་། དེས་འདོད་པ་མ་ཚིམ་པར། ད་དུང་བོད་མིའི་སེམས་ལའང་དབང་སྒྱུར་ཐབས་བྱེད་བཞིན་ཡོད་པ་གསལ་པོ་བསྟན་གྱི་ཡོད།  དེ་བཞིན་མཐོ་སྒང་བོད་ལ་གོ་ལའི་སྣེ་མོ་གསུམ་པ་ཞེས་འབོད་བཞིན་ཡོད་པ་དང་། གོ་ལའི་ཚོགས་ཆེན་ཐེངས་ ༢༦ ཐོག་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བསྩལ་བའི་བཀའ་སློབ་ནང་། “བོད་ཀྱི་ཁ་བའི་འཁྱགས་རོམ་མང་དག་ཅིག་བཞུ་བ་དང་། གཙང་པོར་ཆུ་མཛོད་ཀྱི་རགས་བརྒྱབ་པ། ཆུ་ཁ་བསྒྱུར་བ། ཤིང་ནགས་གཅོད་འབྲེག་སོགས་ས་རྒྱུད་གཅིག་ཏུ་ཁོར་ཡུག་ལ་སྣང་ཆུང་བྱས་པའི་རྐྱེན་གྱིས་ས་ཕྱོགས་གང་སར་དེའི་ངན་འབྲས་འབྱུང་བ་གསལ་པོར་མཚོན་ཡོད།” ཅེས་བཀའ་བསྩལ་བ་ལྟར། བོད་ཀྱི་ཁོར་ཡུག་ནི་འཛམ་གླིང་ཡུལ་གྲུ་སྤྱིའི་འཚོ་གནས་དང་འབྲེལ་བ་དམ་ཟབ་ཡོད་པ་སྐོར་གསུངས་པ་དང་འབྲེལ། ད་ལྟའི་རྒྱ་ནག་དམར་གཞུང་འོག་བོད་ནང་གི་ཁོར་ཡུག་གཏོར་བཤིག་ཤུགས་ཆེར་གཏོང་བཞིན་ཡོད་སྟབས། དེའི་ཐོག་རྒྱལ་སྤྱིའི་དབུ་ཁྲིད་རྣམ་པས་འགན་ཁུར་བཞེས་རྒྱུ་གལ་ཆེན་པོ་ཡིན་སྐོར་གསུངས་པ་དང་།

ཉེ་ཆར་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གོ་སྒྲིག་འོག རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པ་བསྐོང་ཚོགས་གནང་ཐུབ་པ་དང་། དེ་བཞིན་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་ (Congressional Executive Commission on China) མདུན་དུ་ “བོད་ཀྱི་དཀའ་རྙོག་སེལ་ཐབས་ཐོག་འཕྲད་བཞིན་པའི་དཀའ་ངལ།” ཞེས་པའི་བརྗོད་གཞིའི་ཐོག་བོད་དོན་ཉན་ཞིབ་གནང་ཐུབ་པ་བྱུང་བ་དང་།  དེས་བོད་ནང་ཡོད་པའི་བོད་མི་རྣམས་ལ་སེམས་ཤུགས་སྤར་ཐུབ་ཡོད་པ་སོགས་བོད་དོན་དང་འབྲེལ་བའི་ཚོགས་ཆེན་དང་། བོད་དོན་ཉན་ཞིབ་གནང་བ་དེ་ཚོ་བོད་མི་ཚོར་ཧ་ཅང་གི་གལ་གནད་ཆེན་པོ་ཡིན་སྐོར་སོགས་གསུངས་གནང་བ་དང་། གཞན་ཡང་ཨ་རིའི་གྲོས་ཚོགས་ནས་བོད་དོན་སྲིད་བྱུས་དང་། བོད་ནང་ཕར་འགྲོ་ཚུར་འོང་གོ་སྐབས་འདྲ་མཉམ་གྱི་ཁྲིམས་འཆར་སོགས་གཏན་འབེབས་གནང་བ་དང་། ཨ་རིའི་སྲིད་གཞུང་ནས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་བ་སོགས་ཆབ་སྲིད་ཐོག་ཨ་རིའི་གཞུང་མང་གཉིས་ནས་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་ཤོས་གནང་བ་བཅས་ལ་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། འབྱུང་འགྱུར་ཡང་མུ་མཐུད་ཨ་རིའི་གྲོས་ཚོགས་ནང་བོད་ཀྱི་གནད་དོན་གླེང་སློང་ཡོང་བའི་རེ་སྐུལ་ཞུས་གནང་སོང་།

ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཇོན་ ཨོ་སོབ་མཆོག་གིས་ད་རེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྣེ་ལེན་གཟབ་རྒྱས་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། དེ་རིང་སྔ་དྲོ་སྐུ་ཞབས་ཁོང་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁ་ཞུ་རྒྱུའི་གོ་སྐབས་བྱུང་བར་དགའ་ཚོར་ཆེན་པོ་བྱུང་ཞེས་དང་། ཁོང་ཉིད་དུས་ཡུན་རིང་པོ་ནས་༧གོང་ས་མཆོག་གི་མཛད་འཕྲིན་དང་། བཀའ་སློབ། དཔེ་དེབ་རྣམས་ལ་དོ་སྣང་བྱེད་བཞིན་ཡོད་སྐོར་དང་། ཁོང་གིས་སྣེ་ཁྲིད་པའི་ཨ་རིའི་སྐུ་ཚབ་ཚོགས་ཆུང་བཞུགས་སྒར་རྡ་སར་ཕེབས་དོན་གཙོ་བོ་ནི་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་དང་། བཙན་བྱོལ་ནང་བོད་དོན་འཐབ་རྩོད་གནང་ཕྱོགས་སོགས་ཀྱི་ཐོག་ཤེས་རྟོགས་སླད་ཕེབས་པ་ཡིན་སྐོར་སོགས་གསུངས་གནང་རྗེས།

སྤྱི་འཐུས་རྒྱུན་ལས་རྣམ་པ་དང་། ཨ་རིའི་སྐུ་ཚབ་ཚོགས་ཆུང་དབར་ཕན་ཚུན་བཀའ་བསྡུར་ལྷུགས་པོ་གནང་ཡོད་པ་དང་། མཐར་དཔལ་ལྡན་ཚོགས་གཞོན་མཆོག་གིས་སྐུ་ཞབས་ཁོང་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲན་རྟེན་ཕྱག་རྟགས་ཕུལ་བ་དང་། གཞན་ཚོགས་མི་རྣམས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་པར་བསྐྲུན་ཞུས་པའི་བོད་དོན་དང་འབྲེལ་བའི་ཕྱག་དེབ་ཁག་ཅིག་ཕུལ་སོང་བ་བཅས། །

 

Menu