ཨ་རིའི་གཞུང་གི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ཨ་ཛ་ར་ ཛེ་ཡ་མཆོག་གི་སློབ་སྟོན་པ་རྒན་པ་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པ།

༄༅། །ཕྱི་ལོ་ ༢༠༢༣ ཟླ་ ༧ པའི་་ཚེས་ ༡༣  ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་ཨ་རིའི་གཞུང་གི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ཨ་ཛ་ར་ ཛེ་ཡ་མཆོག་གི་སློབ་སྟོན་པ་རྒན་པ་སྐུ་ཞབས་ར་ཡན་ ཧྥིའོ་རེ་སི་ (Ryan Fioresi, Senior Advisor to Under Secretary Zeya) ལགས་ཀྱིས་སྣེ་ཁྲིད་པའི་ཨ་རིའི་སྐུ་ཚབ་ཚོགས་ཆུང་ཞིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་སོང་།

སྐབས་དེར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་གཙོས་པའི་སྤྱི་འཐུས་རྒྱུན་ལས་རྣམ་པས་སྣེ་ལེན་དང་། གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་སྣེ་ཁྲིད་དང་སྦྲགས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐོར་ངོ་སྤྲོད་དང་། དེ་རྗེས་སྤྱི་འཐུས་རྒྱུན་ལས་ཚོགས་ཁང་ནང་ཨ་རིའི་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་རྣམ་པ་དང་། དཔལ་ལྡན་ཚོགས་གཞོན་མཆོག་གིས་གཙོས་པའི་སྤྱི་འཐུས་རྒྱུན་ལས་རྣམ་པའི་དབར་བོད་ནང་གི་ད་ལྟའི་གནས་སྟངས་ཐོག་བཀའ་བསྡུར་ལྷུགས་པོ་གནང་རྗེས། དཔལ་ལྡན་ཚོགས་གཞོན་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲན་རྟེན་ཕྱག་རྟགས་ཕུལ་གནང་སོང་།

མཇལ་འཕྲད་སྐབས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་མཆོག་གྲུབ་ལགས་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་སྤྱི་ཟུར་བསྟན་ཆོས་རྒྱ་མཚོ་ལགས་མཉམ་བཅར་ཞུས་གནང་འདུག་པ་བཅས། །