ཨ་མདོ་རྔ་བ་དང་། ཁམས་ནང་ཆེན་དང་ཁྲི་འདུའི་ཞི་རྒོལ། བྲག་འགོའི་དམར་གསོད་དོན་རྐྱེན་བཅས་ཀྱི་སྐོར་སྤྱི་ལྷན་གྱི་གསར་འགོད་གསལ་བསྒྲགས།

ཟླ་ ༢ ཚེས་ ༨ ཉིན་བཀའ་སྤྱི་གཉིས་ཀྱི་གོ་སྒྲིག་འོག འཛམ་གླིང་ཁྱོན་དུ་བོད་ནང་རང་ལུས་ཞུགས་འབུལ་དང་རྒྱའི་ལོ་གསར་ནས་ཞི་རྒོལ་བ་མང་ཚོགས་ཐོག་མདེལ་ཆར་ཕབས་ཏེ་བསད་རྨས་ཚབས་ཆེན་བཟོས་པའི་ཛ་དྲག་གནས་སྟངས་ཐད་གདུང་སེམས་མཉམ་བསྐྱེད་ཀྱི་སྨོན་ལམ་མཆོད་འབུལ་ཚུགས་བཞིན་པའི་སྐབས་སུ། བོད་ཀྱི་ས་ཁུལ་མང་དག་ཅིག་ཏུ་རྣམ་པ་ཅི་རིགས་ཀྱི་ལས་འགུལ་སྣ་ཚོགས་ཤིག་སྤེལ་ཡོད་པ་དང་། རྒྱ་གཞུང་གིས་ཞི་དྲག་གི་ཐབས་ཤེས་ཡོད་རྒུ་སྤྱད་དེ་ཚད་མཐོའི་དམ་དྲག་བྱེད་མིན་ལ་མ་ལྟོས་པར། བོད་ནང་གི་དགོང་མོའི་ཆུ་ཚོད་ ༦།༣༠ ཙམ་ལ། རྨེའུ་རུ་མའི་རུ་ཆེན་གཉིས་པའི་མགར་བའི་བརྩོན་ཁོ་ཚང་གི་བུ་དེ་སྔ་ཀིརྟི་དགོན་པར་ཆོས་ཞུགས་བྱས་མྱོང་བ་རང་ལོ་ ༡༩ ཅན་རིག་འཛིན་རྡོ་རྗེ་(ནམ་རྒྱུན་རིག་པེ་ཞེས་འབོད།)ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་ཡོད་པ་དང་། དོན་རྐྱེན་བྱུང་མ་ཐག་དམག་མི་དང་ཉེན་རྟོག་པས་བཙན་ཁྲིད་བྱས་ཏེ་ད་ལྟ་འབར་ཁམས་ཀྱི་སྨན་ཁང་ཞིག་ཏུ་ཡོད་ཚུལ་ཙམ་ལས་ཤི་གསོན་གྱི་གནས་སྟངས་ཀྱང་ཤེས་རྟོགས་མེད་པར་གྱུར་ཡོད།

ད་ལྟ་རང་གནས་ཚུལ་འབྱོར་བར་གཞིགས་ན། ཁམས་བྲག་འགོར་ནོར་པ་གྲོང་ཚོའི་ཕ་དགའ་རབ་ཉི་མ་དང་མ་སངས་ལྷ་གཉིས་ཀྱི་བུ་རང་ལོ་ ༤༠ ཅན་གྲྭ་ཡེ་ཤེས་རིག་གསལ་(ནམ་རྒྱུན་ཡེ་རིག་ཅེས་འབོད།)ལགས་དང་། ཁོང་གི་གཅུང་པོ་ལོ་ ༣༨ ཅན་ཡེ་ཤེས་བསམ་འགྲུབ་གཉིས་ནོར་པ་འབྲོག་སའི་རི་ཁྲོད་དུ་གབ་བསྡད་ཡོད་སྐབས། དེ་རིང་ཞོགས་པར་རྒྱ་དམག་ཁྱོན་ཆེ་རི་བཤེར་དུ་ཡོང་སྟེ་དེ་མ་ཐག་མེ་མདའ་བརྒྱབས་ཏེ་བུ་སྤུན་གཉིས་ཀ་བསད་འདུག གྲྭ་ཡེ་རིག་ལགས་རྒྱ་གར་ནས་ཕྱིར་ལོག་གནང་མཁན་ཞིག་ཡིན་པ་དང་། ཕྱི་ཚེས་ ༢༣ ཉིན་བྲག་འགོར་ཞི་རྒོལ་བ་མང་ཚོགས་ལ་མདེལ་ཆར་ཕབས་ཏེ་བོད་མི་ ༣༦ རྨས་སྐྱོན་བྱུང་བའི་གྲས་ཤིག་ཡིན་པ་དང་། རྒྱ་དམག་གིས་འཛིན་བཟུང་བྱེད་དོགས་ཀྱིས་རི་ཁར་བྲོས་བྱོལ་དུ་སོང་བ་ཞིག་རེད་འདུག ཡེ་ཤེས་བསམ་འགྲུབ་ནི་ཁྱིམ་ཚང་འདིའི་འཚོ་རྟེན་སྐྱོང་མཁན་དེ་རེད་འདུག

དེ་བཞིན་ཉིན་དེའི་སྔ་དྲོར་ཁམས་ཁྲི་འདུ་རྫོང་ཟིལ་དཀར་དགོན་པའི་དགེ་འདུན་པ་དང་ཉེ་སྐོར་གྱི་མང་ཚོགས་ ༡༤༠༠ ཙམ་གྱིས། ༧རྒྱལ་བ་ཡིད་བཞིན་ནོར་བུ་བོད་ལ་གདན་འདྲེན་ཞུ་དགོས། པཎ་ཆེན་རིན་པོ་ཆེའི་གཙོས་ཉེས་མེད་བཙོན་པ་རྣམས་བཙོན་གྲོལ་གཏོང་དགོས། བོད་མིའི་སྐྱིད་སྡུག་མཉམ་མྱོང་དང་། བོད་མིའི་ཚེ་སྲོག་ལ་བརྩི་བཀུར་དགོས། བོད་མིའི་སྐད་ཡིག་ལ་མཐོང་ཆེན་བྱེད་དགོས་ཞེས་རས་གཞི་དཀར་པོའི་སྟེང་ཡི་གེ་སྔོ་དམར་གཉིས་ཀྱིས་བྲིས་པའི་འཕྲེད་དར་འཕྱར་བཞིན་རྫ་སྟོད་གྲོང་བརྡལ་དུ་བསྐྱོད་སྐབས། རྒྱ་དམག་གིས་མདུན་བཀག་སྟེ་ཆུ་ཚོད་ ༣ ལྷག་སྐད་འབོད་བྱས་འདུག་པ་དང་།

དེ་མཚུངས་སུ། ཁམས་ནང་ཆེན་གྱི་རྫོང་མཁར་ལྟེ་བའི་ལུས་རྩལ་ར་བར་བོད་མི་བཞི་བརྒྱ་ལྔ་བརྒྱ་ཙམ་ཞིག་འཛོམས་ཏེ། ༸རྒྱལ་བ་རིན་པོ་ཆེའི་ཞབས་བརྟན་གསོལ་འདེབས་སོགས་ཀྱི་ཁ་བཏོན་འདོན་བཞིན་རྒྱ་གཞུང་ལ་ངོ་རྒོལ་གྱི་རྣམ་འགྱུར་བསྟན་ཡོད་པ་དང་། བོད་མི་བརྒྱ་ཕྲག་དུ་མས་ནང་ཆེན་རྫོང་ཐོག་ཏུ་ཡོད་པའི་བཀའ་བརྒྱུད་དགོན་པར་འཛོམས་བསྟུན། འདུ་ཁང་ལ་སྐོར་བ་བསྐོར་བ་སོགས་ཀྱི་སྒོ་ནས་ལྷག་དཀར་སྲུང་བརྩི་བྱས་འདུག་ལ། ས་ཁག་གཉིས་ཀར་བོད་མི་ཚོས་བོད་ཆས་གྱོན་པ་མ་ཟད། རྩམ་པ་འགམ་པ་དང་རྩམ་པ་གནམ་ལ་གཏོར་བ་སོགས་བྱས་འདུག

སྤྱི་འཐུས་ལྷན་ཚོགས་ནས་རྒྱུན་ཆད་མེད་པའི་ཛ་དྲག་གི་གནས་སྟངས་འདི་དག་ཐད་སྔ་རྗེས་སུ་རྒྱ་ནག་གཞུང་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་འབོད་སྐུལ་རིམ་པར་བྱས་ཡོད་ཅིང་། སྤྱི་ལྷན་གྱི་གསལ་བསྒྲགས་སྔ་རྗེས་དང་། ཉེ་ཆར་རྒྱ་ནག་གི་སྲིད་འཛིན་ཧུའུ་ལ་ཡོངས་བསྒྲགས་ཀྱི་སྙན་ཞུ་ཞིག་འབུལ་འགྲེམས་ཞུས་པའི་ནང་ཁ་ཚ་དགོས་གཏུགས་ཀྱི་རེ་འདུན་དོན་གནད་ ༧ འཁོད་པ་དེ་དག་ཐོག་རྒྱ་གཞུང་གིས་བསམ་ཞིབ་མ་ལན་མ་འགྱོད་པ་ཞིག་དགོས་པའི་རེ་འདུན་བསྐྱར་ནན་ཞུ་རྒྱུ་ཡིན་ལ། ཛ་དྲག་གི་གནས་སྟངས་ཞི་འཇགས་ཆེད། རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་ནག་ལ་གནོན་ཤུགས་སྤྲོད་ཐབས་ཀྱི་འགན་འཁུར་མང་ཙམ་ལེན་དགོས་པ་དང་། རང་དབང་མང་གཙོའི་རྒྱལ་ཁབ་ཁག་གི་དབུ་ཁྲིད་རྣམ་པས་དོན་ཕན་ལྡན་པའི་ནུས་ཤུགས་འདོན་རྒྱུར་ང་ཚོས་རེ་སྐུལ་ཤུགས་དྲག་ཞུ་བཞིན་ཡོད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༩ ལ།།

Menu