ཨ་མདོ་རྔ་པར་ ༣།༡༦ ནས་ད་བར་རང་ལུས་ཞུགས་འབུལ་གྱི་ངོ་རྒོལ་ལས་འགུལ་ཇི་བྱུང་གི་གནས་ཚུལ་རགས་བསྡུས།

ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༦ ཉིན།

 

ཉིན་དེའི་ཕྱི་དྲོའི་བོད་ནང་གི་དུས་ཚོད་ ༤ ཙམ་ལ་བོད་མདོ་སྨད་རྔ་པ་རྫོང་རྨེའུ་རུ་མའི་རུ་ཆེན་གཉིས་པའི་ཇ་རུ་ཚང་གི་རྔ་པ་ཀིརྟི་དགོན་གྱི་གྲྭ་བློ་བཟང་ཕུན་ཚོགས། རང་ལོ་ ༢༠ ། ཕ་མིང་ལ་ཚེ་རིང་བཀྲ་ཤིས། མ་མིང་ལ་རྫོགས་དཀར་ཡིན་པ་ཁོང་གིས་ཀིརྟི་དགོན་པའི་ཉེ་འདབས་ཀྱི་ཁྲོམ་མགོ་ནས་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་ཤིང་དེ་མ་ཐག་ས་གནས་དེ་གའི་ཉེན་རྟོག་མི་སྣས་རྡུང་རྡེག་དང་བཅས་ཏེ་མེ་བསད་ཡོད། མི་མང་དང་གྲྭ་པ་རྣམས་ཀྱིས་ཉེན་རྟོག་པའི་ལག་ནས་འཕྲོགས་ཏེ་ཡར་རྔ་པ་ཀིརྟི་དགོན་པའི་ནང་ལ་ཁྱེར་བ་དང༌། དེའི་རྗེས་སུ་མི་མང་དང་གྲྭ་པ་ ༡༠༠༠ ལྷག་གིས་ངོ་རྒོལ་སྐད་འབོད་བྱས་ཏེ་ཁྲོམ་མགོ་ནས་སྤྱི་ལེ་ཕྱེད་མ་ཟིན་ཙམ་གྱི་རིང་གོམ་བགྲོད་བྱས་འདུག་མོད། དེ་ནས་དམག་དཔུང་འབོར་ཆེན་སླེབས་ཏེ་ལྕགས་དབྱུག་དང་གློག་རྒྱུག གྲི་སོགས་ཀྱིས་གང་བྱུང་གཞུས་ནས་ཚང་མ་ཁ་འཐོར་བཏང་ཞིང་ངོ་རྒོལ་བྱེད་ས་དེ་ནས་ལག་སོན་བྱུང་བའི་མི་མང་གང་མང་དང་ལྷག་པར་དུ་གྲྭ་པ་མཐོང་ཚད་འཛིན་བཟུང་བྱས་ཡོད་པར་མ་ཟད། རྒྱ་ལག་ཏུ་མ་ཤོར་བའི་མི་མང་དང་གྲྭ་པ་རྣམས་ཀྱི་ཁྲོད་དུའང་རྨས་སྐྱོན་ཚབས་ཆེན་ཕོག་པ་མང་པོ་ཡོད་འདུག འཕྲལ་དུ་རྔ་པ་རྫོང་ཐོག་གི་ཁྲོམ་གཞུང་དང་ཕྱོགས་ཡས་མས་སུ་ཐོན་སའི་ལམ་ཁ་ཡོངས་དང༌། རྔ་པ་ཀིརྟི་དགོན་པའི་མཐའ་སྐོར་ཡོངས་རྫོགས་དམག་མིས་བཀག་སྡོམ་བྱས་ཏེ་བོད་པ་ཞིག་ཡིན་ཕྱིན་ཕྱི་ལ་ཐོན་ས་མེད་པ་ལྟ་བུར་གྱུར་ཡོད། ཕྱི་ཚེས་ ༡༧ ཉིན་གྱི་ཞོགས་པ་བོད་ནང་གི་དུས་ཚོད་ ༣ དང་སྐར་མ་ ༡༩ ཐོག་གྲྭ་བློ་བཟང་ཕུན་ཚོགས་ལགས་ཚེ་སྲོག་གི་རྒྱུ་ཡོངས་སུ་ཆད་ནས་འཇིག་རྟེན་འདི་དང་གཏན་དུ་གྱེས་འདུག
ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༩ ཉིན།
ཉིན་དེའི་སྔ་དྲོ་ནས་རྔ་པ་ཀིརྟི་དགོན་པའི་རྒྱུན་ལྡན་གྱི་བསླབ་པ་སློབ་གཉེར་དང་ཆོས་ལུགས་ཀྱི་བྱེད་སྒོ་ཡོངས་རྫོགས་དུས་ཚོད་ངེས་མེད་རིང་མཚམས་འཇོག་དགོས་ཚུལ་རྒྱ་གཞུང་གིས་བཙན་བཀའ་བཏང་བ་ལྟར་ཡོངས་རྫོགས་མཚམས་འཇོག་བྱེད་དགོས་བྱུང་བར་མ་ཟད། དགོན་པའི་ཕྱོགས་ཚང་མར་ཕྱི་ལ་ཐོན་སའི་སྒོ་ཆེན་རེ་ཡོད་པ་ལས་ལྷོ་ཕྱོགས་སྒོ་གཅིག་པོ་མ་གཏོགས་ཚང་མ་ཕྱི་ལོགས་ནས་སྒོ་ལྕགས་བརྒྱབ་ནས་ཉེན་རྟོག་པ་དང་དམག་མིས་དམ་སྲུང་བྱས་ཏེ་དགེ་འདུན་པ་རྣམས་ཕྱི་ཟླ་ ༧ ཟླ་མཇུག་བར་ཕྱི་ལ་ཐོན་མ་བཅུག་པར་དགོན་པ་བཙོན་ཁང་དང་དགེ་འདུན་པ་རྣམས་བཙོན་པ་ལྟ་བུའི་གནས་སྟངས་འོག་གནས་དགོས་བྱུང༌། དུས་ཡུན་དེའི་རིང་མཚན་མོ་རྟག་པར་གླིང་བར་ལ་དྲག་ཆས་སྤྲས་པའི་དམག་མི་དང་ཉེན་རྟོག་མི་སྣས་སྦྱོང་བརྡར་སྤྲད་པའི་ཁྱི་ཁྲིད་དེ་གསང་ཉུལ་བྱེད་བཞིན་པར་ཐུག་པའི་དགེ་འདུན་པ་རྣམས་གཅར་རྡུང་དྲག་པོ་བཏང་ཡོད་ལ། གྲྭ་པ་རྣམས་ཀྱིས་རང་རང་བཞུགས་ཤག་ནས་དགོང་མོ་དཔེ་གཟིགས་གནང་སྟེ་འཕྱི་བོ་བཞུགས་ཀྱི་ཡོད་པ་དེའང་མི་ཆོག་པ་བཟོས་འདུག
ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༢༡ ཉིན།
ཉིན་དེ་ནས་བཟུང་དགོན་པའི་ནང་སླེབས་པའི་ཞིང་ཆེན་དང་ཁུལ་གྱི་ལས་བྱེད་རྣམས་ཀྱིས་དགོན་པའི་དགེ་འདུན་པ་རྣམས་ལ་ཁྲིམས་ལུགས་སློབ་གསོ་ལས་འགུལ་ཟེར་བའི་མིང་འོག་ནས་དེ་སྔའི་རྒྱལ་གཅེས་ཆོས་གཅེས་ལས་འགུལ་ཟེར་བ་བསྐྱར་དུ་སྤེལ་འགོ་བཙུགས། ཉིན་དང་པོར་རྔ་པ་རང་སྐྱོང་ཁུལ་གྱི་ཆོས་ལུགས་ལས་ཁུངས་ཀྱི་འགོ་གཙོས་ཚོགས་འདུ་གཙོ་སྐྱོང་དང་གཏམ་བཤད་མང་པོ་བྱས་ཡོད་པར། ནང་དོན་གཙོ་བོ་རྔ་པ་ཀིརྟི་དགོན་པ་གཞུང་སྒེར་གཉིས་ཀྱིས་རྒྱལ་ཁབ་ཀྱི་ཁྲིམས་ལུགས་དང༌། ཡུལ་གྱི་བདེ་འཇགས། མི་རིགས་མཐུན་སྒྲིལ་དང་བརྟན་ལྷིང་ལ་བརྩི་འཇོག་མ་བྱས་ཚུལ་སྔ་ཕྱི་རིམ་པའི་ལས་འགུལ་མང་པོ་བགྲངས་ཏེ་དགོན་པ་གཞུང་སྒེར་གཉིས་ལ་སྐྱོན་བརྗོད་ནན་པོ་བྱས་ཡོད་ལ།
ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༢༦ ཉིན།
དེ་ཉིན་ནས་མཐའ་བ་གོང་འགབ་ཀྱི་སྡེ་མི་རྣམས་ལ་རྔ་པ་ཀིརྟི་དགོན་པ་སྲུང་བྱ་བྱེད་དགོས་པའི་མིང་ཐོག་ནས་དགོན་པར་སྔ་ཕྱི་དྲོ་གཉིས་ཀར་སྐོར་བ་བྱེད་བཅུག་པ་དང༌། དགོང་མོ་བོད་མི་དེ་དག་ལ་རྒྱ་སྒོར་སུམ་ཅུ་རེ་སྤྲད་དེ་པར་དང་བརྙན་པར་བརྒྱབ་ཡོད་པར་མ་ཟད། ཉིན་ཤས་རྗེས་རྔ་པའི་གསར་འགྱུར་ཞེས་པའི་བརྙན་འཕྲིན་དུ་མི་མང་གིས་གཞུང་ལ་རམ་འདེགས་བྱས་ཏེ་ཀིརྟི་དགོན་པ་སྲུང་བྱ་བྱས་ཡོད་ཚུལ་བརྗོད་ཡོད་པ་སོགས་ཀྱིས་མི་མང་ནང་ཁུལ་དཀྲུགས་ཤིང་བྱེད་པའི་ཐབས་ལ་འབད་ཅིང་གླིང་སྐོར་དུ་སོང་ན་རྒྱ་གཞུང་ལ་རམ་འདེགས་བྱས་པ་ལྟ་བུའི་མཐོང་ཚུལ་བསྐྲུན་ཏེ་ཟླ་བ་མང་པོའི་རིང་དགོན་པར་གླིང་སྐོར་དུ་འགྲོ་རྒྱུ་ མཚམས་ཆད་ཡོད།
ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༡ ཉིན།
ཉིན་འདི་ཙམ་ནས་རྔ་པ་ཀིརྟི་དགོན་པ་བཀག་སྡོམ་བྱེད་མཁན་གྱི་དམག་མི་མང་དུ་བཏང་ཞིང་དམག་མི་རྣམས་དགོན་པའི་གླིང་གི་ལྕགས་རིའི་ནང་ལ་སླེབས་ཏེ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཞིང༌། དགོན་པའི་གླིང་གི་མཐའ་རུ་ལྕགས་རི་བརྒྱབ་མེད་པའི་དགོན་པའི་བྱང་གི་ཕྱོགས་སུ་རྒྱ་གཞུང་གིས་དང་ཐོག་ལྕགས་ཚེར་གྱི་ར་བ་བརྒྱབ་ཅིང༌། དེ་རྗེས་ཨར་འདམ་གྱི་རྩིག་པ་བརྒྱབ་ཡོད་པ་དང༌། དགེ་འདུན་པ་མང་པོ་ཞིག་ལ་འཚོ་བའི་དཀའ་ངལ་ཡང་ཉིན་རེ་ནས་ཉིན་རེ་ཇེ་ཆེར་སོང་ཡོད་སྟབས། མི་མང་གིས་དང་བླངས་ངང་རྩམ་པ་དང་མར་ཕྱུར་སོགས་དགོན་པ་གཞུང་ལ་སྤྲད་དེ་དགོན་པ་གཞུང་ངོས་ནས་དགེ་འདུན་པ་རྣམས་ལ་བགོ་འགྲེམས་བྱས་ཏེ་གནས་སྐབས་ལྟོགས་སྡུག་མྱོང་མི་དགོས་ཙམ་བྱུང་མོད། ཟླ་དེའི་ཕྱི་ཚེས་ ༨ ཙམ་ནས་མི་མང་ལ་བཟའ་བཅའི་རིགས་སྤྲོད་རྒྱུ་བཀག་འགོག་བྱས་པར་བརྟེན་དཀའ་ངལ་ཆེ་རུ་སོང་ཡོད་པ་དང༌། འདི་ནས་ཤེས་རྟོགས་བྱུང་བར་གྲྭ་པ་བདུན་ཡོད་པའི་གྲྭ་ཤག་ཅིག་གི་ནང་བཞེས་ལག་རྩ་བ་ནས་མ་རག་པར་ཉིན་གསུམ་རིང་ལྟོགས་སྐོམ་མྱངས་དགོས་བྱུང་ཡོད་པ་དང༌། དེ་ནི་དཔེ་མཚོན་ལྟ་བུ་ཡིན་པ་མ་གཏོགས་དེ་དང་དེ་འདྲ་བ་མང་པོ་བྱུང་ཡོད་ངེས།
དགོན་པའི་མཆོད་རྟེན་གྱི་བང་རིམ་རེ་རེ་བཞིན་རྒྱའི་དམག་མིས་རྒྱང་ཤེལ་བཙུགས་ནས་དགོན་པའི་ཕྱི་ནང་ལ་སོ་ལྟ་བྱས།
ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༣ ཉིན།
དམག་མི་དང་ཉེན་རྟོག་པ་རྣམས་དུས་ཚོད་ངེས་མེད་ཀྱིས་གྲྭ་ཤག་ནང་འཛུལ་ནས་གྲྭ་ཤག་སྒོ་དང་སྒེའུ་ཁུང་བཅག་པ་དང༌། ཅ་དངོས་རྐུ་འཕྲོག་བྱས་པ། གང་ཡིན་འདི་ཡིན་མེད་པའི་མིང་ཞིག་བཟུང་སྟེ་མི་དེ་ཁྱོད་ཚོའི་ནང་ལ་ཨེ་ཡོད་ཟེར་ནས་འདྲི་ཞིང༌། མི་དེ་འདྲ་ཞིག་གཏན་མེད་ཚུལ་བརྗོད་པར་དྲང་བཤད་བྱས་མ་སོང་ཚུལ་བརྗོད་དེ་གཅར་རྡུང་གཏོང་བ་དང༌། གྲྭ་ཤག་ནང་གང་བྱུང་གིས་སྔོག་བཤེར་བྱེད་པ་དང་མཉམ་དུ་གྲྭ་པ་རྣམས་ཀྱིས་མི་མཐོང་སར་སྒྲ་ལེན་འཕྲུལ་ཆས་གསང་སྟབས་ཀྱིས་བཞག་སྟེ་གྲྭ་པ་རྣམས་ཀྱིས་རྒྱུན་དུ་ག་རེ་བྱེད་ཀྱིན་ཡོད་མེད་ལ་གསང་ཉན་བྱས་པ་དངོས་སུ་ར་འཕྲོད་བྱུང་ཡོད།
ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༡༢ ཉིན།
ཉིན་དེའི་བོད་ནང་གི་དུས་ཚོད་ ༡༢ ཡས་མས་སུ་དམག་མི་འབོར་ཆེན་ཞིག་སླེབས་ཏེ་ཀིརྟི་དགོན་པའི་ནང་ལ་འགྲོ་རྩིས་བྱས་སྐབས་མི་མང་གིས་དམག་མིའི་མདུན་བཀག་ནས་དགོན་པའི་ནང་ལ་གཏན་ནས་འགྲོར་མ་བཅུག་པར་བརྟེན། དྲག་ཆས་ཉེན་རྟོག་པ་དང་དྲག་ཆས་དམག་དཔུང་གིས་མི་མང་ལ་གཅར་རྡུང་དྲག་པོ་བཏང་ཞིང༌། སྦྱོང་བརྡར་སྤྲད་ཡོད་པའི་ཁྱི་མང་པོ་མི་མང་ནང་ལ་མངགས་ནས་མི་མང་པོར་ཁྱིས་རྨུགས་པ་སོགས་ཀྱིས་ལོ་ན་ ༦༠ ཡོལ་བའི་ཨ་མ་རྒན་མོ་གཉིས་ལ་རྨས་སྐྱོན་ལྕི་མོ་བཟོས་རྐྱེན་ཉིན་གྲངས་མང་པོའི་རིང་རྫོང་སྨན་ཁང་དུ་ཉལ་དགོས་བྱུང༌། མི་མང་གིས་བཀག་འགོག་བྱེད་དགོས་པའི་རྒྱུ་མཚན་ནི་ཉིན་དེར་དགོན་པའི་གྲྭ་པ་མང་པོ་འཛིན་བཟུང་བྱེད་ཆེད་ཡིན་པ་ཤེས་ནས་བཀག་འགོག་བྱས་པ་ཡིན་ཞིང༌། ཉིན་དེ་ནས་བཟུང་ཕྱི་ཟླ་ ༤ ཚེས་ ༢༢ བར་དུ་མི་མང་གིས་ཉིན་མཚན་གཉིས་ཀར་དམག་དཔུང་གི་གདོང་ལ་བུད་ནས་གནས་སྟངས་ཧ་ཅང་ཛ་དྲག་འོག་ལྷག་ཡོད་པ་དང༌།
ང་ཚོས་རང་སྲོག་འབེན་ལ་བཞག་ནས་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཚུལ་བརྗོད་སྐབས། དེར་ཡོད་ཉེན་རྟོག་མི་སྣ་སོགས་ཀྱིས་ཤི་ཐུབ་མཁན་ཚོས་མཛུབ་ཐེལ་རྒྱག་དགོས་ཚུལ་བཤད་པར་མི་སུམ་བརྒྱ་ལྷག་གིས་གྲྭ་པ་རྣམས་ཀྱི་ཆེད་དུ་ཤི་ཐུབ་པའི་མཛུབ་ཐེལ་བརྒྱབ་ཡོད་པ་དང་། ད་དུང་མི་མང་གིས་འཚང་ཁ་བརྒྱབ་པར་བརྟེན་མཛུབ་ཐེལ་རྒྱག་མཚམས་བཞག་ཡོད་འདུག
དེའི་མཚན་མོ་རྒྱ་གཞུང་གིས་ཉེན་རྟོག་མི་སྣ་དང་དམག་མི་འབོར་ཆེན་བཏང་ནས་རྔ་པ་རྫོང་མཁར་དུ་ཡོད་པའི་ཁྲིན་ཀོན་སྡེ་བའི་ཁྱིམ་ཚང་རེ་རེ་བཞིན་སྔོག་བཤེར་བྱས་འདུག
ཕྱི་ལོ་ ༢༠༡༡ ཟླ་༤ ཚེས་༡༣ ཉིན།
ཉིན་དེར་རྒྱ་གཞུང་གིས་བརྗོད་དོན། དགོན་པའི་ནང་ཡོད་པའི་ལས་དོན་རུ་ཁག་གིས་ལས་ཀ་མཇུག་མ་རྫོགས་བར་དུ་གནད་དོན་ག་རེ་ལ་ཐུག་ན་ཡང་གྲྭ་པ་གཅིག་ཀྱང་ཕྱི་ལ་ཐོན་མི་ཆོག་ཚུལ་དང༌། ལས་མཇུག་མགྱོགས་པོར་རྫོགས་མིན་གྲྭ་པ་ཚོས་སློབ་གསོ་དང་ལེན་བྱེད་མིན་ལ་རག་ལས་ཚུལ་བརྗོད་ཡོད་འདུག
ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༡༥ ཉིན།
ཉིན་དེ་ཡས་མས་ཤིག་ནས་རྔ་པ་རྫོང་ཐོག་ལ་ཡོད་པའི་གཞུང་གི་ལས་བྱེད་ཐ་ན་སློབ་གྲྭའི་དགེ་རྒན་ཚུན་ཆད་དང༌། དེ་མིན་རྔ་པ་རང་སྐྱོང་ཁུལ་གྱི་ཝུན་ཁྲོན་རྫོང་དང༌། མའོ་རྫོང༌། སྐ་ཁོག་རྫོང༌། མཛོད་དགེ་རྫོང༌། འབར་ཁམས་རྫོང༌། རྔ་པ་རང་སྐྱོང་ཁུལ་བཅས་ཀྱི་ལས་བྱེད་པ་ཁྱོན་བསྡོམས་བརྒྱད་བརྒྱ་ཙམ་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་རྣམས་ལ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཟེར་བ་སྤེལ་མཁན་གྱི་རྒྱའི་དཔོན་པོ་ཚོའི་རྒྱབ་དཔུང་ལྟ་བུར་ལས་འགུལ་ནང་མཉམ་ཞུགས་བྱེད་བཅུག་ཡོད། དེ་ནས་བཟུང་དགོན་པའི་དགེ་འདུན་པ་ཡོངས་རྫོགས་ཚོགས་ཆུང་ལྔ་བཅུ་ང་ལྔར་བགོས་ནས་ཉིན་རྟག་པར་རྒྱལ་གཅེས་ཆོས་གཅེས་ཟེར་བའི་ལས་འགུལ་ཕྱི་ཟླ་ ༩ ཚེས་འགོ་བར་སྤེལ་ཡོད་འདུག ལས་འགུལ་དེའི་འགན་གཙོ་བོ་འཁུར་མཁན་རྔ་པ་རང་སྐྱོང་ཁུལ་གྱི་འཐབ་ཕྱོགས་གཅིག་གྱུར་ཁང་གི་འགོ་གཙོ་ཅེན་པུའུ་ཀྲང་དང༌། འགོ་གཙོ་གཞོན་པ་ཚེ་པུའུ་ཀྲང་གཉིས་དང༌། རྔ་པ་རང་སྐྱོང་ཁུལ་གྱི་ཆོས་ལུགས་ལས་ཁུངས་ཀྱི་འགོ་གཙོ་བཅས་ཀྱིས་ཁུར་ཡོད་འདུག་ཅིང༌། ཁོང་ཚོས་བརྗོད་དོན། དགོན་པ་གཏོར་དང་མི་གཏོར། ཆོས་སྒོ་རྒྱག་མི་རྒྱག་ང་ཚོ་ལ་སྐད་ཆ་གང་ཡང་མེད་པར་དེ་ནི་ཁྱེད་རང་ཚོས་སློབ་གསོ་དང་ལེན་བྱེད་མིན་གྱི་རྣམ་འགྱུར་ལ་རག་ལས་པ་ཞིག་ཡིན་པས་ཁྱེད་རང་ཚོའི་གདམ་ག་ཡིན་ཚུལ་བརྗོད་ནས་འཇིགས་སྐུལ་བྱས་ཡོད། དེ་བཞིན་ཕྱི་ལོ་ ༢༠༠༨ ལོ་ནས་ད་བར་ཀིརྟི་དགོན་པའི་དགེ་འདུན་པ་ཚོས་ངོ་རྒོལ་ལས་འགུལ་རྒྱུན་མཐུད་ནས་བྱས་ཡོད་པས་རྔ་པའི་སྤྱི་ཚོགས་ཁྱོན་ཡོངས་ཀྱི་བདེ་འཇགས་ཀྱི་གནས་སྟངས་ལ་གཏོར་བཤིག་ཚབས་ཆེན་བཏང་ཡོད་པར་མ་ཟད། ད་ལྟ་ད་དུང་ལས་འགུལ་རྒྱུན་མཐུད་འདོད་ཀྱི་དམིགས་ཡུལ་གསལ་པོ་ཡིན་པས་སྤྱི་ཚོགས་ཀྱི་མིག་ནང་དུའང་སྣང་བརྙན་ཡག་པོ་ཞིག་མེད་ཚུལ་སོགས་ཀྱིས་ཁ་རྡུང་བཏང་ཞིང༌། རྒྱ་གཞུང་དང་དེའི་སྲིད་བྱུས་ཀྱིས་བཟོས་པའི་ནག་ཉེས་ཡོད་ཚད་དགོན་པའི་དགེ་འདུན་པ་རྣམས་ཀྱི་སྒང་ལ་གཡོགས་ཡོད་འདུག་པ་སོགས་ནང་ལོགས་ཀྱི་བཙན་དྲག་གི་རྣམ་པ་ཤུགས་ཆེ་རུ་བཏང་ཡོད། དགོན་པའི་ནང་ལ་ཉེན་རྟོག་པ་དང་དམག་མི་མཉམ་འབྲེལ་བྱས་ནས་དམ་བསྒྲགས་དང་ལྟ་སྲུང་མུ་མཐུད་བྱས།

ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༡༩ ཉིན།
ཉིན་དེའི་སྔ་དྲོ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཟེར་བའི་ལས་འགུལ་སྤེལ་མཁན་རྒྱ་གཞུང་གི་དཔོན་པོ་དེས་གྲྭ་པ་ཚོ་ལ་ཁྱེད་ཚོས་འགྲོ་ཤེས་འདུག་ཤེས་མ་བྱས་ཚེ་སྐར་མ་གཅིག་རིང་ཁྱེད་ཚོ་རྩ་མེད་བཟོ་རྒྱུའི་དབང་དང་སྟོབས་ཤུགས་ང་ཚོར་ཡོད་ཚུལ་སོགས་བརྗོད་ནས་འཇིགས་སྐུལ་བྱས་ཡོད་འདུག

ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༦ ཉིན།

ཉིན་དེ་ཡས་མས་ནས་དགོན་པའི་གླིང་ཡོངས་ལ་བརྙན་ཕབ་དང་སྒྲ་ཕབ་འཕྲུལ་ཆས་མང་པོ་བཞག་ཡོད་ལ། དེ་ནས་བཟུང་ཉི་མ་རེ་རེ་བཞིན་བརྙན་ཕབ་ཆས་སོགས་མང་དུ་བཏང་ཡོད་པར་མ་ཟད། ཐ་ན་གྲྭ་པ་ཚོའི་གྲྭ་ཤག་ནང་ལའང་གོང་གསལ་གྱི་འཕྲུལ་ཆས་དེ་རིགས་མངོན་གསལ་དང་མངོན་གསལ་མ་ཡིན་པ་ཅི་རིགས་ཀྱི་སྒོ་ནས་བཞག་སྟེ་གྲྭ་པ་རྣམས་ཀྱི་ཉིན་མཚན་དུས་དྲུག་གི་འགྲོ་འདུག་སྤྱོད་གསུམ་རྒྱ་དཔོན་ཚོའི་ལག་མཐིལ་དུ་བླངས་ཡོད་འདུག
ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༢༠ ཉིན།
ཉིན་དེར་ཀིརྟི་དགོན་པའི་མཐའ་འཁོར་གྱི་འཁོར་ཁང་ཁ་ཤས་ཀྱི་སྒོ་ཕྱེས་ནས་མི་མང་ལ་སྐོར་བ་བྱེད་ས་ཡོད་པའི་རྣམ་འགྱུར་བསྟན་ཡོད་ཀྱང༌། མི་མང་གིས་གནས་ཚུལ་དེ་བརྙན་ཕབ་བྱས་ནས་ཕྱི་ཕྱོགས་སུ་སྟོན་རྒྱུའི་གནས་ཚུལ་རྫུན་མ་བཟོ་རྒྱུ་ཡིན་པ་ཤེས་རྟོགས་བྱུང་སྟབས་འཁོར་ལོ་སྐོར་དུ་སོང་མེད་སྟབས། ཐ་མ་འུ་ཐུག་ནས་མི་རེར་རྒྱ་སྒོར་ ༣༠ རེ་སྤྲད་དེ་འཁོར་ལོ་སྐོར་དུ་བཅུག་པ་སོགས་དགོད་བྲོ་བའི་འཁྲབ་སྟོན་མང་པོ་བྱས།
ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༢༡ ཉིན།
ཉིན་དེའི་མཚན་མོའི་དུས་ཚོད་ ༩ ཙམ་ནས་དགོན་པའི་གྲྭ་ཤག་རེ་རེ་བཞིན་དྲག་ཆས་དམག་དཔུང་དང༌། ཉེན་རྟོག་མི་སྣ། དམིགས་བསལ་ཉེན་རྟོག་པ་༼ཐེ་ཅིན་༽བཅས་འགྲེམ་འཇོག་བྱས་ཏེ་བཀག་སྡོམ་ནན་མོ་བྱས་པ་དང༌། དེ་སྔ་ནས་ཞིབ་འཇུག་དང་འཆར་གཞི་བསྒྲིགས་པ་ལྟར་དགེ་འདུན་པ་ ༣༠༠ ཙམ་འཛིན་བཟུང་གིས་སྤྱི་སྤྱོད་རླངས་འཁོར་ཆེ་ཤོས་བཅུ་གྲངས་ཤིག་གི་ནང་བླུགས་ནས་རྔ་པ་རང་སྐྱོང་ཁུལ་ཁོངས་ཀྱི་ཝུན་ཁྲོན་རྫོང་དང༌། མའོ་རྫོང་གཉིས་ཀྱི་ནང་ཟླ་གཉིས་ཙམ་རིང་བཀག་ཉར་བྱས་ཡོད་འདུག ཉིན་དེའི་ཕྱི་དྲོའི་བོད་ནང་གི་དུས་ཚོད་ ༤ ཙམ་ནས་དུས་ཚོད་ ༢༤ རིང་རྔ་པ་རྫོང་ཡོངས་ཀྱི་ཁ་པར་གྱི་བརྡ་རྟགས་རྩ་བ་ནས་མེད་པར་བཟོས་ཡོད་པ་དང༌།  དགོང་མོ་དེར་འཛིན་བཟུང་བྱས་པའི་གྲྭ་པ་རྣམས་ཀྱི་གྲྭ་ཤག་ཚང་མའི་སྒོ་ངོས་སུ་སྒོ་འབྱེད་མི་ཆོག་ཅེས་པའི་ཡི་གེ་སྦྱར་ནས་སྒོ་གཏན་རྒྱག་བྱས།
དེ་ལས་ཀྱང་ཡ་ང་ཞིང་ཡིད་སྐྱོ་བའི་གནས་ཚུལ་ཞིག་ནི་གྲྭ་པ་རྣམས་འཛིན་བཟུང་གིས་ཁྱེར་ནས་འགྲོ་སྐབས་དེ་སྔ་ཕྱི་ཟླ་ ༤ ཚེས་ ༡༢ ཉིན་ནས་དགོན་པའི་གླིང་མདོའི་ལམ་ཆེན་དུ་ཉིན་མཚན་གཉིས་ཀར་བསྡད་ནས་གནས་ཚུལ་འདི་འདྲ་ཞིག་འབྱུང་སྲིད་པའི་དོགས་ཟོན་བྱས་ཡོད་པའི་ལོ་ན་རྒས་འཁོགས་གཙོ་བོར་གྱུར་པའི་མི་མང་ ༢༠༠ ཡས་མས་ཤིག་ཡོད་པ་རྣམས་ཀྱིས་ནུས་ཤུགས་ཡོད་དགུས་བཀག་འགོག་བྱས་པར་ཡ་ང་སྙིང་རྗེ་སྤུ་ཙམ་མེད་པའི་ཐོག་ནས་གཅར་རྡུང་དྲག་པོ་བཏང་སྟེ་ཨ་མ་རྒན་མོ་ཞིག་གི་རྐང་བ་དུམ་བུ་གསུམ་བྱས་པ་སོགས་མི་མང་པོའི་རྐང་པ་ལག་པ་བཅག་པའི་གནས་ཚུལ་བྱུང་ཡོད་པ་དང༌། སྐད་ཤུགས་ཆེན་པོས་ངུས་སྐབས་ཁ་ནང་དུ་རས་བརྫངས་ཏེ་ཁ་བཀག་པ་སོགས་བྱས་འདུག་ལ། དེ་དག་གི་ནང་ནས་རང་ལོ་ ༦༠ ཙམ་ཡིན་ཞིང་མཐའ་བ་གོང་མའི་ནང་བསྡད་ཡོད་པའི་ཁྲིན་ཀོན་ཕྱུགས་ལས་ཀྱི་དོན་ཁོ་དང་༼ཁོང་ལ་ཤུལ་དུ་བུ་ཚུལ་ཁྲིམས་ཟེར་བ་ཞིག་དང་བུ་མོ་འཕྲིན་ལས་མཚོ། བཟའ་ཟླའི་མིང་ལ་ཁྲང་མེས་ཟེར་བ་བཅས་ཡོད་༽། དེ་བཞིན་གཅའ་ཞང་ནག་ཚང་མའི་ར་ཁོ་ཚང་གི་ཤེར་སྐྱིད། རང་ལོ་ ༦༥ ཡིན་པ་གཉིས་རྐྱེན་ལམ་དུ་བཏང་ཡོད་པ་དང༌། ལྷག་ལུས་མི་མང་རྣམས་དོས་སྐྱེལ་རླངས་འཁོར་བཞིའི་ནང་ལ་བླུགས་ནས་ཐག་རིང་གི་དུར་ས་དང་དམག་སྒར་སོགས་སུ་ཁྱེར་ཡོད་འདུག དེ་མིན་མཐའ་བ་འགབ་མའི་འཕྲིན་ཆེན་ཚང་གི་ཆོས་ཁོ་༼བུད་མེད་༽། རང་ལོ་ ༤༥ ། མཐའ་བ་གོང་མའི་གློག་ལས་བཀྲ་ཁོའི་བུ་མོ་གསེར་སྐྱིད། རང་ལོ་ ༣༥ ཡིན་པ་ཁོང་མོ་གཉིས་སོགས་ཁག་ཅིག་འཛིན་བཟུང་གིས་ཉིན་གྲངས་ཉེར་ལྔའི་རིང་བཀག་ཉར་བྱས་པ་དང༌། ཤེས་རྟོགས་བྱུང་བར་གོང་གསལ་བུད་མེད་གཉིས་སོགས་བུད་མེད་བདུན་བརྒྱད་ཅིག་གི་སྐྲ་གཏུབ་ནས་མགོ་རིལ་བཟོས་ཡོད་པ་དང༌། བཀག་ཉར་བྱས་རིང་གཅར་རྡུང་མནར་གཅོད་བྱས་རྐྱེན་རང་མགོ་མི་ཐོན་པའི་གནས་སྟངས་འོག་གློད་གྲོལ་བྱས་ཡོད།

མཚན་མོ་དེར་དགོན་པའི་འདུ་ཁང་ནང་ལ་གྲྭ་པ་སྦས་སྐུང་བྱས་ཡོད་ཚུལ་ལ་བསྙད་དེ་དགོན་པའི་འདུ་ཁང་སྒོ་ཆེན་གཏོར་ཡོད་པ་དང༌། དེ་བཞིན་སྒོ་ལ་ཟ་བརྒྱབ་ཡོད་པའི་གྲྭ་ཤག་ཚང་མའི་སྒོ་ཟ་གཏོར་ཡོད་འདུག
ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༦ ཉིན།
ཉིན་དེར་རྔ་པ་རང་སྐྱོང་ཁུལ་འཐབ་ཕྱོགས་གཅིག་གྱུར་ཁང་དང་རྔ་པ་རང་སྐྱོང་ཁུལ་ཆོས་ལུགས་ལས་ཁུངས་གཉིས་ཀྱིས་རྐང་འགན་ཁུར་ནས་རྔ་པ་ཀིརྟི་དགོན་པའི་གྲྭ་པ་རྣམས་ཐོ་འགོད་བྱས་ཡོད་པ་དང༌། ཉིན་དེར་ཐོ་འགོད་བྱས་མེད་པ་རྣམས་དེ་ནས་བཟུང་དགོན་པའི་སྒྲིག་ཁོངས་ནས་རང་བཞིན་གྱིས་བུད་པ་ཡིན་ཚུལ་བརྗོད་དེ། གྲྭ་པ་ ༡༢༠༠ ལྷག་ཅིག་དགོན་པའི་ནང་སྡོད་དཀའ་བའི་གནས་སྟངས་བྱུང་ཡོད་ལ། དངོས་སུ་དགེ་འདུན་པ་དྲུག་ཅུ་སྐོར་ཞིག་གི་མིང་སོགས་ཡིག་ཐོག་ནས་གསལ་བསྒྲགས་བྱས་ཏེ་དགོན་པའི་ནང་ནས་འགྲོ་དགོས་ཚུལ་དང༌། ཁོང་རྣམས་ཀྱི་གྲྭ་ཤག་རྒྱ་གཞུང་གིས་རྩིས་ལེན་བྱེད་རྒྱུ་ཡིན་ཚུལ་སོགས་བརྗོད་ཡོད་ཀྱང༌། དགེ་འདུན་པ་རྣམས་ཀྱིས་ངོས་ལེན་གནང་མེད་པར་དགོན་པའི་ནང་ཨུ་ཚུགས་ཀྱིས་བསྡད་ཡོད་མོད། གཞུང་གིས་ཉེན་རྟོག་པ་ཁྲིད་ནས་མ་ཡོང་སྔོན་དུ་རང་འགུལ་གྱིས་སོང་ན་བཤད་མེད་དང༌། ཉེན་རྟོག་པ་སླེབས་དུས་འགྲོ་ས་བཙོན་ཁང་མ་གཏོགས་མེད་ཚུལ་སོགས་བརྗོད་ནས་འཇིགས་སྐུལ་ཡང་ཡང་བྱས་ཡོད་ལ། མི་རེ་ངོ་རེར་དགོན་པའི་ནང་ནས་བུད་དེ་གྲྭ་པ་ལོག་པ་ཡིན་ན་རྒྱ་སྒོར་ཉིས་ཁྲིས་རྔན་པ་སྤྲོད་རྒྱུ་དང་ལྔ་ཁྲི་ལོ་གསུམ་རིང་གཡར་རྒྱུ་སོགས་བརྗོད་དེ་བསླུ་བྲིད་ཀྱང་བྱས། ཡང་ཡིག་ཆ་དེ་དག་ལ་དགོན་པའི་ཆོས་ལུགས་དོ་དམ་ཁང་གི་མིང་དང་ཐེལ་ཙེ་རྫུན་མ་བརྒྱབ་ནས་དགོན་པའི་ཆོས་ལུགས་དོ་དམ་ཁང་གིས་གནས་དབྱུང་བཏང་ལུགས་བསྒྲགས་ཡོད།
ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༢༢ ཉིན། 
སྐབས་དེ་ཡས་མས་སུ་རྔ་པ་རུ་ཡོད་པའི་དམག་མིའི་གྲངས་ཀ་ཤེས་རྟོགས་བྱུང་བར། རྔ་པ་རྫོང་ཁོངས་སུ་དམག་མི་ཁྲི་ལྔ་ཡས་མས་བཀྲམ་ཡོད་པ་དང༌། རྔ་པ་རྫོང་དང་འདབས་འབྲེལ་དུ་ཡོད་པའི་སྐ་ཁོག་རྫོང་དང༌། འཛམ་ཐང་རྫོང༌། མཛོད་དགེ་རྫོང་གསུམ་གྱི་ནང་ཁྲི་གསུམ་ཡས་མས་དམག་སྣོན་དུ་གཏོང་ཆོག་ཆོག་ངང་བཞག་ཡོད།
ལོ་དེའི་གསུམ་པའི་བཅུ་དྲུག་རྗེས་སུ་རྔ་པ་རྫོང་ཁོངས་ཀྱི་ཞང་ཡོངས་ཀྱི་འགོ་གཙོ་ཚང་མ་རྫོང་ཁག་གཞན་ནས་མི་བཏང་སྟེ་བརྗེ་སྤོར་བྱས་ཡོད་འདུག
ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༢༦ ཉིན།
ཉིན་དེར་གྲྭ་པ་རྣམས་ལ་ཟླ་ཕྱེད་ཀྱི་ཟླ་ཕོགས་སྤྲོད་ཀྱི་ཡིན་ཟེར་ནས་གྲྭ་པ་རེར་རྒྱ་སྒོར་ ༤༠༠ རེ་སྤྲད་འདུག་མོད། གྲྭ་པ་མང་པོ་ཞིག་གིས་སྒོར་མོ་འདི་མི་མང་གི་ཁྲག་དང་རྣག་གིས་བསགས་པའི་སྒོར་མོ་ཡིན་སྟབས་ང་ཚོས་ལེན་ན་མི་འོས་ཚུལ་བརྗོད་ནས་བླངས་མེད་ཀྱང༌། རྒྱ་གཞུང་གི་ལས་བྱེད་པ་ཚོས་ཐབས་ཤེས་ཞི་དྲག་སྣ་ཚོགས་ཀྱིས་ལེན་དགོས་ཚུལ་ཡང་དང་བསྐྱར་དུ་བཤད་པར་བརྟེན་གྲྭ་པ་ཁག་ཅིག་གིས་སྒོར་མོ་བླངས་ཏེ་རྒྱ་མི་ཚོའི་ལས་ཁུངས་ཀྱི་ཕྱི་རོལ་ཏུ་གཏོར་ཡོད་པ་དང༌། གྲྭ་པ་ཁག་ཅིག་གིས་གཏན་ནས་མ་བླངས་པར་ཨུ་ཚུགས་མཐའ་སྐྱེལ་བྱས་རྐྱེན་གྲྭ་པ་ཉི་ཤུ་ལྷག་ཅིག་ཉིན་ཤས་རིང་བཀག་ཉར་ཡང་བྱས་འདུག
ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༨ ཉིན།
སྐབས་དེ་ཡས་མས་སུ་དགོན་པའི་ལྕགས་རིའི་ཕྱི་རོལ་ཀྱི་བྱང་ཕྱོགས་སུ་དམག་མི་སྡོད་སའི་གུར་ཆེན་པོ་གཉིས་དང༌། ཤར་སྒོའི་གཡས་གཡོན་དུ་གུར་ཆེན་པོ་གཉིས། ནུབ་ཁའི་སྨད་ཕྱོགས་ཀྱི་མཆོད་རྟེན་འོག་ཏུ་གུར་ཆེན་པོ་གསུམ། ནུབ་སྒོའི་གཡས་གཡོན་དུ་གུར་ཆེན་པོ་གཉིས་གླིང་མདོའི་སྒོ་ཆེན་འགྲམ་དུ་གུར་ཆེན་པོ་བཞི་བཅས་ཕུབ་ནས་རྒྱུན་དུ་དགོན་པའི་ཕྱི་རོལ་ནས་དམག་མིས་བསྐོར་ཡོད་པ་དང༌། ནང་ལོགས་སུ་ཁང་མིག་སུམ་ཅུ་ལྷག་ཡོད་པའི་དགོན་པའི་ཚོམས་ཁང་གསར་པའི་ནང་དམག་མི་དང་ཉེན་རྟོག་པ། ལས་བྱེད་བཅས་རྒྱུན་སྡོད་བྱས་ཡོད་པ་དང༌། དེ་མིན་གླིང་བར་དུ་ཡོད་པའི་གྲྭ་ཤག་སྟོང་པ་ཡོད་ཚད་ཀྱི་ནང་དུ་ལས་བྱེད་པ་སོགས་རྒྱུན་སྡོད་བྱས།
དེ་སྔོན་ཕྱི་ཟླ་ ༤ ཚེས་ ༢༢ ཉིན་སྡེབ་གཅིག་ལ་གྲྭ་པ་སུམ་བརྒྱ་ཙམ་བཙན་ཁྲིད་བྱས་པ་རྣམས་གློད་གྲོལ་བྱས་ཏེ་རང་རང་གི་ཕ་ཡུལ་ལ་བསྐྱལ་འདུག་ཀྱང༌། ད་ནས་བཟུང་ཕྱིར་ཀིརྟི་དགོན་པའི་ནང་རྩ་བ་ནས་འགྲོ་མི་ཆོག་པའི་བཙན་བཀའ་བཏང་ཡོད་འདུག དགོན་པའི་ནང་དུ་ཡོད་པའི་ཁོང་རྣམས་ཀྱི་ཅ་དངོས་དག་གཞུང་གིས་ས་གནས་སོ་སོར་བསྐྱལ་ཡོད་པ་དང༌། གྲྭ་ཤག་རྣམས་དགོན་པ་གཞུང་གིས་ཉོས་ན་བཤད་མེད་དང༌། དེ་མིན་རྒྱ་གཞུང་གིས་ལེན་རྒྱུ་ཡིན་ཚུལ་བརྗོད།
ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༢༦ ཉིན།
ཉིན་དེ་ཙམ་ནས་རྔ་པའི་སྟོད་སྨད་བར་གསུམ་དུ་དམར་དམག་ཁྱུ་དང་ཁྱུ་བྱས་ནས་དགོན་གྲོང་ཚང་མའི་ཁང་ཐོག་ཏུ་ཁྲག་མདོག་གི་དར་དམར་བཙུགས་ཡོད་ལ། སྐབས་དེར་དར་དམར་མར་ཕབ་ན་ལོ་བཅུར་བཙོན་འཇུག་བྱེད་ཀྱི་ཡིན་ཟེར་ནས་འཇིགས་སྐུལ་བྱས།
ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༢༩ ཉིན།
ཉིན་དེར་རྔ་པ་རང་སྐྱོང་ཁུལ་གྱི་ལྟེ་གནས་འབར་ཁམས་ནས་རྒྱལ་གཅེས་དཔའ་བོ་བློ་བཟང་ཕུན་ཚོགས་ལགས་ཀྱི་ཨ་ཁུ་རྔ་པ་ཀིརྟི་དགོན་གྱི་གྲྭ་བློ་བཟང་བརྩོན་འགྲུས། རང་ལོ་ ༤༦ ཡིན་པ་ཁོང་ལ་མི་གསོད་ལག་དམར་གྱི་ཉེས་མིང་གཡོགས་ནས་ལོ་ ༡༡ གི་བཙོན་འཇུག་དང༌། ལོ་གཉིས་ཀྱི་ཆབ་སྲིད་ཁེ་དབང་འཕྲོག་པའི་ཐག་གཅོད་བྱས།
ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༣༠ ཉིན།
ཉིན་དེར་རྔ་པ་རང་སྐྱོང་ཁུལ་གྱི་ལྟེ་གནས་འབར་ཁམས་རྔ་པ་རྫོང་གཅའ་ཞང་ཕྱུགས་ལས་འགབ་མའི་བློ་བཀྲ་ཚང་གི་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་བསྟན་འཛིན། བསྟན་འཛིན་རྒྱ་མོ་ཁ་རང་ལོ་ ༢༢  ཡིན་པ་ཁོང་ལ་མི་གསོད་མཁན་ལག་རོགས་གྱི་ཉེས་མིང་གཡོགས་ནས་ལོ་ ༡༣ གྱི་བཙོན་འཇུག་དང༌། ལོ་གསུམ་གྱི་ཆབ་སྲིད་ཁེ་དབང་འཕྲོག་པའི་ཐག་གཅོད་བྱས།
དེ་བཞིན་རྔ་པ་རྫོང་གཅའ་ཞང་ནག་ཚང་མའི་པདྨ་ཚང་གི་རྔ་པ་ཀིརྟི་དགོན་གྱི་གྲྭ་བློ་བཟང་བསྟན་འཛིན། ནག་བསྟན་རང་ལོ་ ༢༡ ཡིན་པ་ཁོང་ལ་ཡང་མི་གསོད་མཁན་ལག་རོགས་གྱི་ཉེས་མིང་གཡོགས་ནས་ལོ་ ༡༠ བཙོན་འཇུག་དང༌། ལོ་གཉིས་ཀྱི་ཆབ་སྲིད་ཁེ་དབང་འཕྲོག་པའི་ཐག་གཅོད་བྱས།
ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༥ ཉིན།
རྔ་པ་རྫོང་སྤྲོ་ཚིགས་ཞང་བསེ་སྐོར་སྡེ་བའི་བསེ་སྲིབ་ཚང་གི་ཀིརྟི་དགོན་པའི་གྲྭ་ཚེ་ཁོ། རང་ལོ་ ༣༠ ། ཕ་མིང་ལ་འཇང་ཁོ་ཡིན་པ་ཁོང་དང༌། རྔ་པ་རྫོང་རྨེའུ་རུ་མའི་རུ་ཆེན་གཉིས་པའི་ཇ་རུ་ཚང་གི་ཀིརྟི་དགོན་པའི་གྲྭ་བློ་བཟང་དར་རྒྱས། རང་ལོ་ ༢༢ ། ཕ་མིང་ལ་ཚེ་རིང་བཀྲ་ཤིས་ཡིན་ཞིང༌། རྒྱལ་གཅེས་དཔའ་བོ་ཕུན་ཚོགས་ལགས་ཀྱི་སྤུན་ཆེ་བ་ཡིན་པ་ཁོང་གཉིས་ལ་རྔ་པ་ཁུལ་གྱི་ལྟེ་གནས་འབར་ཁམས་ནས་ངལ་རྩོལ་སློབ་གཅུན་ཟེར་བའི་མིང་ཐོག་ནས་ལོ་ ༢ དང་ཟླ་ ༦ རེའི་དུས་བཀག་བཙོན་འཇུག་གི་ཐག་གཅོད་བྱས་ཡོད་པ་དང༌། དེ་བཞིན་རྔ་པ་རྫོང་བློན་ཚང་སྡེ་བའི་རབ་རྒྱས་ཚང་གི་ཀིརྟི་དགོན་པའི་གྲྭ་རྡོ་རྗེ། རང་ལོ་ ༡༦ ཡིན་པ་ཁོང་ལ་ངལ་རྩོལ་སློབ་གཅུན་ཟེར་བའི་མིང་ཐོག་ནས་ལོ་ ༣ གྱི་དུས་བཀག་བཙོན་འཇུག་གི་ཐག་གཅོད་བྱས་ཡོད་འདུག ཁོང་གསུམ་ཀ་རྒྱལ་གཅེས་དཔའ་བོ་ཕུན་ཚོགས་དང་འབྲེལ་བ་ཡོད་པའི་ཉེས་མིང་གཡོགས་ནས་དེ་ལྟར་བཙོན་འཇུག་གི་ཐག་གཅོད་བྱས་པ་ཞིག་ཡིན་འདུག

ཕྱི་ཟླ་ ༩ ཚེས་འགོ་ནས་ཉིན་བཅོ་ལྔའི་རིང་གྲྭ་པ་རྣམས་ལ་དགོན་པའི་ངོས་ནས་གུང་གསེང་སྤྲད་ཡོད་ཅིང་ཕྱི་ཟླ་ ༩ ཚེས་ ༡༥ ཉིན་གུང་གསེང་གི་དུས་ཚོད་རྫོགས་ཡོད་ནའང༌། རྒྱ་གཞུང་གི་ལས་བྱེད་འབོར་ཆེན་ཞིག་ཡང་བསྐྱར་དགོན་པའི་ནང་ལ་འབྱོར་ནས་གྲྭ་པའི་ལག་ཁྱེར་ཟེར་བ་ཞིག་བཟོ་དགོས་ཚུལ་རྗོད་བཞིན་ཡོད་སྟབས། དགོན་པའི་གྲྭ་པ་ཧ་ཅང་ཉུང་ཉུང་ཞིག་ལས་དགོན་ནང་དུ་ཡོང་མེད་པར་ས་ཕྱོགས་གང་སར་འཐོར་ནས་ཡོད་འདུག་པས། དགོན་པའི་ལས་སྣེ་རྣམས་ལ་རྒྱ་གཞུང་གིས་ཉིན་རྟག་པར་སུན་གཙེར་བཟོ་བཞིན་ཡོད་འདུག
ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༡༥ ཉིན།
ཉིན་དེ་ནས་བཟུང་དགོན་པའི་གུང་གསེང་གི་དུས་ཚོད་རྫོགས་པ་དང་སྟབས་བསྟུན་རྒྱ་གཞུང་གི་ལས་བྱེད་པ་བརྒྱ་ཕྲག་འགའ་སྔར་བཞིན་དགོན་པའི་ནང་ལ་སླེབས་ནས་ཉིན་མཚན་གཉིས་ཀར་བསྡད་ཡོད་པ་དང༌། གྲྭ་པ་རྣམས་ལ་གྲྭ་པའི་ལག་འཁྱེར་ཟེར་བ་ཞིག་བཟོ་དགོས་ཚུལ་གྱིས་དགོན་པའི་ཆོས་ལུགས་དོ་དམ་ཁང་གི་ལས་བྱེད་པ་རྣམས་ལ་ཚ་འདེད་གཏོང་བཞིན་ཡོད་པར་བརྟེན། གྲྭ་པ་བཞི་བརྒྱ་ཡས་མས་ལས་ཕྱིར་དགོན་པའི་ནང་ལོག་མེད་པར་ས་གནས་གང་སར་ཁ་འཐོར་ནས་ཡོད་འདུག་པས། ད་ཆ་དགེ་འདུན་པ་ ༢༥༠༠ ལྷག་ཡོད་པའི་དགོན་པ་སྟོང་པ་མིན་ཙམ་གྱི་གནས་སྟངས་འོག་ལྷག་ཡོད་འདུག
ཕྱི་ལོ་ ༢༠༡༡ ཟླ་ ༩ ཟླ་ ༢༦ ཉིན།
ཉིན་དེའི་བོད་ནང་གི་སྔ་དྲོའི་དུས་ཚོད་ ༡༠།༣༠ ཡོལ་ཙམ་ལ་རྔ་པ་རྫོང་རྨེའུ་རུ་མའི་རུ་ཆེན་གཉིས་པའི་ཇ་རུ་ཚང་གི་ཚེ་རིང་བཀྲ་ཤིས་ཀྱི་བུ་རྒྱལ་གཅེས་དཔའ་བོ་གྲྭ་བློ་བཟང་ཕུན་ཚོགས་ལགས་ཀྱི་སྤུན་ཆུང་བ་རྔ་པ་ཀིརྟི་དགོན་གྱི་གྲྭ་བློ་བཟང་སྐལ་བཟང༌། རང་ལོ་ ༡༨ ཡིན་པ་ཁོང་དང༌། རྔ་པ་རྫོང་རྨེའུ་རུ་མའི་རུ་ཆེན་གཉིས་པའི་ཚེ་རྒྱས་ཚང་གི་ཚེ་རྒྱས་ཀྱི་བུ་རྔ་པ་ཀིརྟི་དགོན་གྱི་གྲྭ་བློ་བཟང་དཀོན་མཆོག རང་ལོ་ ༡༨ ཡས་མས་ཙམ་ཡིན་པ་ཁོང་གཉིས་ཀྱིས་རྔ་པ་རྫོང་ཐོག་གི་ཁྲོམ་གཞུང་དུ་ཐོན་ནས་རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་ལ་ཆོས་དད་རང་དབང་དགོས་སོགས་ཀྱི་འབོད་ཚིག་སྒྲོག་བཞིན་རང་ལུས་མེར་བསྲེགས་བཏང་ཡོད་པ་དང༌། ཅུང་ཙམ་མ་འགོར་བར་རྒྱ་གཞུང་གི་ཉེན་རྟོག་པ་དང༌། དྲག་ཆས་དམག་དཔུང་གིས་གཡས་གཡོན་ནས་ཆུ་དང་མེ་གསོད་ཡོ་ཆས་སོགས་བེད་སྤྱད་ནས་མེ་བསད་ཡོད་པ་དང༌། དེ་མ་ཐག་རྒྱ་གཞུང་གིས་ཁྱེར་ཡོད་འདུག རྗེས་སུ་ཤེས་རྟོགས་བྱུང་བར་དང་ཐོག་དམག་སྒར་དུ་ཁྱེར་ཡོད་པ་དེ་ནས་རྫོང་སྨན་ཁང་དུ་ཁྱེར་བ། ཉིན་དེའི་མཚན་མོ་རྔ་པ་རང་སྐྱོང་ཁུལ་གྱི་ལྟེ་གནས་འབར་ཁམས་ལ་ཁྱེར་ཡོད་འདུག གནས་ཚུལ་འགྲེལ་བརྗོད་པས་བཤད་དོན། བློ་བཟང་སྐལ་བཟང་རྨས་སྐྱོན་ཚབས་ཆུང་ཙམ་ཡིན་སྟབས་ཁུལ་གྱི་སྨན་ཁང་ནས་ཐད་ཀར་གཤགས་བཅོས་བཏང་རྗེས་ས་གནས་གཞན་དུ་ཁྱེར་ཡོད་འདུག་ལ། བློ་བཟང་དཀོན་མཆོག་ཁུལ་གྱི་སྨན་ཁང་དེའི་ཛ་དྲག་མྱུར་སྐྱོབ་ཁང་དུ་བཞག་ཡོད་ཅིང༌། དེའི་རྗེས་གནས་ཚུལ་གསལ་པོ་ཤེས་རྟོགས་མ་བྱུང༌། ཉིན་དེར་གནས་ཚུལ་བྱུང་མ་ཐག་རྔ་པ་རྫོང་མཁར་གྱི་ཕྱོགས་ཡོངས་དང་ཀིརྟི་དགོན་པའི་མཐའ་སྐོར་ཡོངས་རྫོགས་ལ་དམག་མི་འབོར་ཆེན་འགྲེམས་འཇོག་བྱས་ཏེ་བཀག་སྡོམ་ནན་མོ་བྱས་ཡོད། འདི་ལོའི་ཟླ་བ་གསུམ་པ་ནས་ལག་ཁྱེར་ཁ་པར་ནང་འཕྲིན་ཐུང་གཏོང་ལེན་བཀག་འགོག་བྱས་ཡོད་པ་དང༌། དྲ་རྒྱ་ཁང་ཚང་མ་སྒོ་བརྒྱབ་ཡོད་པར་མ་ཟད། ཉིན་དེ་རིང་ལ་ཁ་པར་གཏོང་ལེན་ཁག་པོ་བཟོས་ཡོད་འདུག ཉིན་གཉིས་པ་ནས་དགོན་མཐའི་དམག་མི་རྣམས་དགོན་པ་དང་ཁ་ཐག་ཅུང་ཙམ་རིང་དུ་བཏང་ནས་དངོས་སུ་དགོན་པའི་ནང་འགྲོ་འོང་གི་ལམ་ཁ་བཀག་འགོག་བྱེད་མཚམས་བཞག་ཡོད་ཀྱང༌། རྫོང་ཐོག་ལ་མུ་མཐུད་དམག་མི་འབོར་ཆེན་གྱིས་ཉིན་མཚན་གཉིས་ཀར་སྲུང་བྱ་བྱས་ཡོད་འདུག

ཕྱི་ཟླ་ ༩ ཚེས་ཤར་ནས་ཉིན་བཅོ་ལྔའི་རིང་གི་གུང་སེང་ཕེབས་པའི་དགེ་འདུན་པ་རྣམས་ཕྱི་ཟླ་ ༩ ཚེས་ ༡༥ དགོན་པར་རང་འཇགས་འཛོམས་དགོས་ཀྱང་། དུས་མཚུངས་སུ་རྒྱ་གཞུང་གི་ལས་བྱེད་པ་བརྒྱ་ཕྲག་ཁ་ཤས་དགོན་པའི་བསྐྱར་དུ་སླེབས་ཏེ་དགེ་འདུན་པ་རྣམས་ལ་གྲྭ་པའི་ལག་འཁྱེར་ཟེར་བ་ཞིག་བཟོ་དགོས་ཚུལ་རྗོད་བཞིན་ཡོད་པར་བརྟེན། དགེ་འདུན་པ་རྣམས་དགོན་པའི་ནང་ཚུར་རང་འཇགས་ཕེབས་མ་ཐུབ་པར་ས་གནས་གང་སར་འཐོར་ནས་ཡོད་འདུག་པས། དེ་སྔོན་དགེ་འདུན་པ་ ༢༥༠༠ ལྷག་ཡོད་པའི་དགོན་པའི་ནང་ལ་དེང་སྐབས་དགེ་འདུནཔ་ ༤༠༠ ཙམ་ལས་མེད་པར་དགོན་པ་མ་སྟོང་ཙམ་གྱི་གནས་སྟངས་འོག་ཡོད་འདུག་ལ། དེ་བཞིན་ཕྱི་ཟླ་ ༩ ཚེས་ ༢༨ ནས་དགོན་པའི་ཕྱི་རོལ་ཏུ་མངོན་གསལ་དོད་པོས་དམ་དྲག་བྱས་མེད་ཀྱང་དགོན་པའི་ནང་ལ་དེང་སྐབས་ཉེན་རྟོག་པ་རྒྱུན་སྡོད་བྱེད་སའི་མངགས་གཏོང་ཁང་བཞི་གསར་རྒྱག་བྱེད་མུས་ཡིན་འདུག་པས་འབྱུང་འགྱུར་གྱི་དགོན་པའི་གནས་སྟངས་དཀའ་ངལ་དང་ཛ་དྲག་གི་གནས་སུ་གྱར་ཡོད་འདུག

འཛིན་བཟུང་བཙོན་འཇུག་གི་སྐོར་ཟུར་དུ་ཞུས་ན། ད་ལོའི་ཕྱི་ཟླ་ ༣ ཚེས་ ༡༦ ནས་བར་འཛིན་བཟུང་བཀག་ཉར་བྱས་པའི་ནང་ནས་འདི་ནས་ཤེས་རྟོགས་བྱུང་བ་སྐྱ་སེར་གཉིས་ཀ་མི་གྲངས་ ༡༨༠ ཙམ་དང༌། དེའི་ནང་ནས་ལོ་གཉིན་དང་ཕྱེད་ཀ་ནས་བཅུ་གསུམ་བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་པ་སྐྱ་བོ་ ༡ དང་གྲྭ་པ་ ༡༠ བཅས་བྱུང་ཡོད། དེ་མིན་ཀིརྟི་དགོན་པའི་གྲྭ་འཇིགས་མེད་དང་མི་སྐྱ་དགེ་རིག་སོགས་མུ་མཐུད་བཀག་ཉར་བྱས་ཡོད་པ་བཅས།
ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༢༦ ཉིན།
ཉིན་དེའི་བོད་ནང་གི་སྔ་དྲོའི་དུས་ཚོད་བཅུ་གཅིག་ཙམ་ལ་རྔ་པ་རྫོང་རྨེའུ་རུ་མའི་རུ་ཆེན་གཉིས་པའི་ཇ་རུ་ཚང་གི་ཕ་ཚེ་རིང་བཀྲ་ཤིས་དང༌། མ་རྫོགས་དཀར་གཉིས་ཀྱི་བུ་རྒྱལ་གཅེས་དཔའ་བོ་བློ་བཟང་ཕུན་ཚོགས་ཀྱི་སྤུན་ཆུང་བ་རྔ་པ་ཀིརྟི་དགོན་གྱི་གྲྭ་བློ་བཟང་སྐལ་བཟང༌། རང་ལོ་ ༡༨ ཡིན་པ་ཁོང་དང༌། རྔ་པ་རྨེའུ་རུ་མའི་རུ་ཆེན་གཉིས་པའི་ཚེ་རྒྱས་ཚང་གི་ཕ་ཚེ་རྒྱས་ཀྱི་བུ་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་དཀོན་མཆོག རང་ལོ་ ༡༨ ཡིན་པ་ཁོང་གཉིས་ཀྱིས་རྔ་པ་རྫོང་ཐོག་གི་ཁྲོམ་གཞུང་དུ་ཐོན་ནས་རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་ལ་ཆོས་དད་རང་དབང་དགོས་སོགས་ཀྱི་འབོད་ཚིག་སྒྲོག་བཞིན་རང་ལུས་མེར་བསྲེགས་བཏང་ཡོད་པ་དང༌། ཅུང་ཙམ་མ་འགོར་བར་རྒྱ་གཞུང་གི་ཉེན་རྟོག་པ་དང༌། དྲག་ཆས་དམག་དཔུང་གིས་གཡས་གཡོན་ནས་ཆུ་དང་མེ་གསོད་ཡོ་ཆས་སོགས་བེད་སྤྱད་ནས་མེ་བསད་ཡོད་ཅིང༌། དེ་མ་ཐག་རྒྱ་གཞུང་གི་ཉེན་རྟོག་པ་སོགས་ཀྱིས་ཁྱེར་ཡོད་ཀྱང་སྐབས་ཐོག་དེར་གང་དུ་ཁྱེར་ཡོད་མེད་འབྲེལ་ཡོད་མི་རྣམས་ཀྱིས་ཤེས་རྟོགས་ཐུབ་མེད་ཅིང༌། རྗེས་སུ་ཤེས་རྟོགས་བྱུང་བར་རྔ་པའི་སྨན་ཁང་དུ་ཁྲིད་ཡོད་པ་དང་། དེ་རྗེས་འབར་ཁམས་རྫོང་ལ་ཡོད་པའི་རྔ་པ་ཁུལ་གྱི་སྨན་ཁང་དུ་ཁྲིད་ཡོད་ཅིང༌། གནས་ཚུལ་མཐའ་མ་ཤེས་རྟོགས་བྱུང་བར་བློ་བཟང་དཀོན་མཆོག་ལགས་མུ་མཐུད་འབར་ཁམས་ཀྱི་ཁུལ་སྨན་ཁང་ཡོད་པ་དང༌། བློ་བཟང་སྐལ་བཟང་ལགས་ཁྲིན་ཏུའུའི་སྨན་ཁང་ཞིག་ཏུ་ཡོད་འདུག  ཁོང་གཉིས་ནི་ཆུང་དུས་ནས་རྔ་པ་ཀིརྟི་དགོན་པར་གྲྭ་པ་བྱས་ནས་སྐབས་བབ་ཀྱི་བསླབ་པ་སློབ་གཉེར་ལ་བརྩོན་པ་ལྷོད་མེད་གནང་ཞིང༌། རྒྱུན་ལྡན་གྱི་མི་གཤིས་ཧ་ཅང་གི་ཞི་ལྷོད་ཡིན་པའི་གཉོམ་ཆུང་གི་གྲྭ་གཞོན་གཉིས་ཡིན་འདུག ཁོང་གཉིས་ཀྱི་ད་ལྟའི་གནས་ཚུལ་འབྲེལ་ཡོད་ཚོས་ཀྱང་ཟེར་ལོ་ཐོས་ལོ་ཙམ་ལས་ཞིབ་ཕྲ་གང་ཡང་ཤེས་རྟོགས་མི་འདུག
ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༣ ཉིན།
ཉིན་དེའི་བོད་ནང་གི་ཕྱི་དྲོའི་དུས་ཚོད་ ༢ ཙམ་ལ་རྔ་པ་རྫོང་སོ་རུ་མ་འབྲོག་སྡེའི་ཕ་ཚུར་དྲིས་དང༌། མ་བདེ་མཆོག་གཉིས་ཀྱི་བུ་རྔ་པ་ཀིརྟི་དགོན་པའི་དུས་འཁོར་གྲྭ་ཚང་གི་གྲྭ་སྐལ་བཟང་དབང་ཕྱུག རང་ལོ་ ༡༧ ཡིན་པ་ཁོང་གིས་ྋགོང་ས་མཆོག་གི་སྐུ་པར་ཞིག་ལག་ཏུ་བཟུང་ནས་རྔ་པ་རྫོང་མཁར་གྱི་གཞུང་ལམ་དུ་ཐོན་པ་དང༌། རང་ལུས་ལ་མེ་སྦར་ཏེ་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་གནང་འདུག་མོད། དེ་མ་ཐག་རྒྱ་གཞུང་གི་ཉེན་རྟོག་པ་དང་དམག་མི་སོགས་ཀྱིས་བསྐོར་ནས་མེ་བསད་ཅིང་གཅར་རྡུང་དྲག་པོ་གཏོང་བཞིན་ཁྱེར་ཡོད་འདུག་པས་ཁོང་གི་རྨས་སྐྱོན་ཚབས་ཆེན་ཕོག་མེད་ཀྱང༌། སྐབས་དེ་ག་རང་ལ་ཉེན་རྟོག་པ་སོགས་ཀྱིས་གཅར་རྡུང་དྲག་པོ་བཏང་རྐྱེན་ད་ཆ་སྨན་ཁང་དུ་གནས་སྟངས་ག་འདྲ་ཞིག་ཆགས་མིན་བཤད་ཚོད་དཀའ་བའི་གནས་སྟངས་འོག་ཡོད་འདུག ཁོང་ད་ལྟ་སྨན་ཁང་དུ་ཡོད་པའི་གནས་སྐབས་ནས་ཉེན་རྟོག་པ་སོགས་ཀྱིས་འདྲི་གཅོད་སྣ་ཚོགས་བྱས་ཏེ་གཅར་རྡུང་མནར་གཅོད་བློ་ཡུལ་ལས་འདས་པ་གཏོང་གི་ཡོད་འདུག ཁོང་རྔ་པ་རྫོང་མི་མང་སྨན་ཁང་ཟེར་བའི་ཐོག་རྩེག་གཉིས་པའི་ནད་ཁང་ཞིག་ཏུ་ཡོད་ཅིང༌། ཆུང་དུས་ནས་རྔ་པ་ཀིརྟི་དགོན་པར་གྲྭ་པ་བྱས་ནས་དུས་འཁོར་གྲྭ་ཚང་གི་འདོན་ཆོས་སྤྱོད་སོགས་ལ་སློབ་སྦྱོང་བྱེད་མུས་ཀྱི་ལོ་ན་གཞོན་པའི་གྲྭ་པ་ཞིག་ཡིན་འདུག

ཉིན་འདི་དག་གི་སྔ་ཕྱིར་རྔ་པ་རྫོང་མཁར་དང་ཀིརྟི་དགོན་པའི་ཕྱི་ནང་སོགས་ལ་མུ་མཐུད་གནས་སྟངས་འདི་ལྟར་ལྷག་ན་མི་མང་པོས་རང་སྲོག་བློས་གཏོང་གིས་ངོ་རྒོལ་བྱེད་རྒྱུའི་གྲ་སྒྲིག་ཡོད་ཚུལ་སོགས་འཁོད་པའི་ཡི་གེ་མང་པོ་སྦྱར་འགྲེམས་བྱས་ཡོད་པ་དང༌། ཡི་གེ་ཁག་ཅིག་ར་མའི་སྐེ་ལ་བཏགས་ཏེ་བཏང་ཡོད་པར་ཉེན་རྟོག་པ་རྣམས་ཀྱིས་ར་མ་ཡང་འཛིན་བཟུང་བྱེད་ཀྱིན་ཡོད་འདུག
ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༧ ཉིན།
ཉིན་དེའི་བོད་ནང་གི་སྔ་དྲོའི་དུས་ཚོད་བཅུ་གཅིག་དང་ཕྱེད་ཀའི་ཐོག་རྔ་པ་རྫོང་མཐའ་བ་གོང་མའི་འཇུག་རིས་ཚང་གི་བུ་ཆོས་འཕེལ། རང་ ༡༩ ཡིན་པ་ཁོང་དང༌། མཐའ་བ་གོང་མའི་གསོང་པོ་ཚང་གི་སྐལ་བཟང་གི་བུ་མཁའ་དབྱིངས། རང་ལོ་ ༡༨ ཡིན་པ་ཁོང་གཉིས་ཀྱིས་རྔ་པ་རྫོང་གི་ཁྲོམ་གཞུང་དུ་ཐོན་ནས་རང་ལུས་ལ་མེ་སྦར་ཞིང༌། ལག་ཟུང་ཐལ་མོ་སྦྱར་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་སྐད་འབོད་གནང་ཡོད་འདུག་ལ། སྐབས་དེར་ཉེན་རྟོག་པ་སོགས་ཀྱིས་མེ་བསད་ཅིང་གཅར་རྡུང་གཏོང་བཞིན་ས་གནས་རྫོང་མི་མང་སྨན་ཁང་དུ་ཁྱེར་ཡོད་པ་དང༌། ཉེན་རྟོག་པ་རྣམས་ཀྱིས་ཡར་སྨན་ཁང་ནང་ལ་ཁྲིད་ནས་འགྲོ་སྐབས་མཁའ་དབྱིངས་ལགས་ཀྱིས་ཁུ་ཚུར་གནམ་ལ་འཕྱར་ནས་འབོད་སྒྲ་སྒྲོག་བཞིན་ཡོད་འདུག

རྗེས་སུ་གནས་ཚུལ་ཤེས་རྟོགས་བྱུང་བར། མཁའ་དབྱིངས་ལགས་ཕྱི་ཚེས་ ༨ ཉིན་གྱི་བོད་ནང་གི་ཉིན་རྒྱབ་ཀྱི་དུས་ཚོད་དང་པོ་དང་ཕྱེད་ཀ་ཡོལ་ཙམ་ལ་འབར་ཁམས་སུ་ཡོད་པའི་རྔ་པ་ཁུལ་གྱི་སྨན་ཁང་ནང་ནས་གཟི་བརྗིད་ལྡན་པའི་ངང་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་བྱུང་ཡོད་ཅིང༌། འབྲེལ་ཡོད་མི་མང་གིས་དམ་པ་ཁོང་གི་སྐུ་ཕུང་ནང་མིར་རྩིས་སྤྲོད་བྱེད་དགོས་ཚུལ་གྱི་རེ་འདུན་ཤུགས་ཆེ་བཏོན་ཡང་རྒྱ་གཞུང་གིས་ཉན་འཇོག་རྩ་བ་ནས་མ་བྱས་པར་ཉིན་དེ་རང་ལ་འབར་ཁམས་ནས་ཁོང་གི་སྐུ་ཕུང་མེར་བསྲེགས་བཏང་ནས་རུས་ཐལ་ཞིག་ནང་མིར་སྤྲད་ཡོད་འདུག

གོང་གསལ་རང་ལུས་མེར་བསྲེགས་གིས་ངོ་རྒོལ་དོན་རྐྱེན་དེའི་སྐོར་རྒྱ་ནག་གཞུང་འབྲེལ་གྱི་ཤིན་ཧྭ་དྲ་བའི་ཐོག་ཕྱི་ཚེས་ ༨ ཉིན་གནས་ཚུལ་བཀོད་པར་ཁོང་གཉིས་ཀར་སྲོག་གི་ཉེན་ཁ་མེད་པར་མ་ཟད། རྨས་སྐྱོན་ཕོག་པ་ཚབས་ཆེན་མིན་ཚུལ་ཡང་བཤད་ཡོད་འདུག

རྔ་པ་མི་མང་གིས་ཕྱི་ཚེས་ ༨ དང་ཚེས་ ༩ ཚེས་ ༡༠ བཅས་ཉིན་གསུམ་གྱི་རིང་རྔ་པ་རྫོང་ཁོངས་ཀྱི་བོད་ཀྱི་ཟ་ཁང་དང་ཚོང་ཡོངས་རྫོགས་སྒོ་བརྒྱབ་ནས་ཉེ་ཆར་བྱུང་བའི་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་ཚང་མ་ལ་གདུང་སེམས་མཉམ་བསྐྱེད་ཀྱི་རྣམ་འགྱུར་བསྟན་ཡོད་ཅིང༌། ལྷག་པར་དུ་ཕྱི་ཚེས་ ༧ ཉིན་བྱུང་བའི་དོན་རྐྱེན་ཁྲོད་རྒྱལ་གཅེས་དཔའ་བོ་མཁའ་དབྱིངས་ལགས་འདས་གྲོངས་སུ་གྱུར་པར་བརྟེན། མི་མང་ཕལ་མོ་ཆེས་དགོན་པ་ཁག་ལ་བསྔོ་རྟེན་ཕུལ་བ་དང༌། ཕྱག་སྐོར་མཆོད་འབུལ་བྱེད་པ་སོགས་ཀྱིས་ཉིན་གསུམ་རི་མྱ་ངན་དང་དགེ་སྒྲུབ་ཀྱིས་དུས་འདའ་བར་བྱས་ཡོད་ལ། ནང་མིས་དགེ་སྒྲུབ་བྱེད་བཞིན་ཡོད་ཀྱང་དགེ་འདུན་པ་ལྔ་ལས་མང་བ་ལྷན་ཅིག་གདན་འདྲེན་ཞུ་མི་ཆོག་ཚུལ་བརྗོད་ནས་རྒྱ་གཞུང་གི་འབྲེལ་ཡོད་མི་སྣ་བཅུ་གྲངས་ཤིག་གིས་གསོང་པོ་ཚང་སྲུང་བྱ་དམ་པོ་བྱས་ནས་ཡོད་པ་དང༌། དེ་སྔོན་རྒྱལ་གཅེས་དཔའ་བོ་ཕུན་ཚོགས་ལགས་སྐུ་གཤེགས་སྐབས་ཀྱི་གདུས་སེམས་མཉམ་བསྐྱེད་དང་མྱ་ངན་གུས་འདུད་བྱེད་པ་ལྟ་བུའི་རྣམ་འགྱུར་བསྟན་ན་རེ་རེ་བཞིན་འཛིན་བཟུང་བྱེད་ཀྱི་ཡིན་ཚུལ་བརྗོད་ནས་རྔ་པ་མི་མང་ཁོང་ཚང་ལ་སེམས་གསོ་བྱེད་པར་གཏོང་གི་མེད་པ་དང༌། མཐའ་བ་གོང་མར་དམིགས་བསལ་གྱིས་དམ་དྲག་ཤུགས་ཆེན་པོ་བྱེད་མུས་ཡིན་འདུག
ཕྱི་ཚེས་ ༡༠ ཉིན་གྱི་སྔ་དྲོ

ཀིརྟི་དགོན་པའི་དགེ་འདུན་པ་རྣམས་མ་སྐུལ་དང་བླངས་ཀྱིས་ཆོས་སྦྱིན་ལ་ཕེབས་རྩིས་ཀྱིས་མཐའ་བ་གོང་མའི་སྡེ་འདབས་སུ་སླེབས་སྐབས། མཐའ་བ་གོང་མའི་སྡེ་མི་རྒན་པ་སྐོར་ཞིག་ཚུར་ཡོང་ནས་དགེ་འདུན་པ་རྣམས་མ་ཕེབས་རོགས་གྱིས། གལ་སྲིད་ཕེབས་པ་ཡིན་ན་ཁོང་ཚང་ལ་དཀའ་ངལ་ཆེན་པོ་འཕྲད་རྒྱུ་ཡིན་ཚུལ་ཞུས་ཡོད་པར། དགེ་འདུན་པ་རྣམས་ཕར་ཁོང་ཚང་ལ་མ་ཕེབས་པར་ས་གནས་དེ་ག་རང་ལ་བཞུགས་ནས་མ་ཎི་དང་བསྔོ་བ་སྨོན་ལམ་གསུངས་ནས་ཆོས་སྦྱིན་གནང་ཡོད་འདུག

རྔ་པ་ཀིརྟི་དགོན་པར་རྒྱ་གཞུང་གིས་བཙན་བཀའ་བཏང་དོན། དེ་སྔོན་རང་ལུས་མེར་བསྲེགས་ཀྱིས་ངོ་རྒོལ་གནང་མཁན་ཚང་མ་དགོན་པའི་སྐྱིད་སྡུག་ནས་གནས་དབྱུང་གཏོང་དགོས་ཚུལ་བརྗོད་པར། དགོན་པ་གཞུང་སྒེར་གཉིས་ཀྱིས་ངོས་ལེན་རྩ་བ་ནས་མ་གནང་བར་མཐའ་གཅིག་ཏུ་ངོ་རྒོལ་བྱས་པར་བརྟེན་དོན་འཁྱོལ་བྱུང་མེད་ནའང༌། རྗེས་སུ་དེ་ལྟར་བྱུང་དུས་དགོན་པའི་སྐྱིད་སྡུག་ནས་གནས་དབྱུང་གཏོང་དགོས་ཚུལ་གྱི་བཙན་བཀའ་བཏང་ཡོད་པར་མ་ཟད། དེ་དོན་ཡི་གེའི་ཐོག་དགོན་པ་གཞུང་གི་ཐེལ་ཙེ་འགོད་དགོས་ཚུལ་ཡང་ཡང་ནན་བརྗོད་བྱེད་བཞིན་ཡོད་འདུག

རྒྱལ་གཅེས་དཔའ་བོ་ཆོས་འཕེལ་གྱིས་རང་ལུས་མེར་བསྲེགས་མ་བཏང་བའི་གོང་གི་ཉིན་ཤས་ནང་ཁོང་གིས་མི་མང་པོར་ད་ལྟའི་གནས་སྟངས་འདིས་ང་ཚོ་བཟོད་དཀའ་བའི་གནས་སུ་རྫོང་གི་ཚུལ་དང༌། དགེ་འདུན་པ་རྣམས་ཀྱིས་བོད་སྤྱི་བའི་རྩ་དོན་ཆེད་རང་སྲོག་བློས་གཏོང་གནང་གི་ཡོད་ཚུལ་སོགས་ཡང་ཡང་གསུངས་ཡོད་འདུག དེ་བཞིན་ཁོང་གི་འཐབ་གྲོགས་མཁའ་དབྱིངས་ལགས་མ་གྲོངས་གོང་སྨན་ཁང་ནས་ངས་འདི་ལྟར་རང་སྲོག་བོད་དོན་ཆེད་གཏོང་ཐུབ་པ་དེས་རང་ཉིད་འདོད་པ་ཁེངས་པ་བྱུང་ཡོད་ཅིང༌། འགྱོད་པ་རྩ་བ་ནས་མེད་པས་ཚང་མས་སེམས་སྡུག་མ་གནང་རོགས་ཞེས་ཁ་ཆེམས་ལྟ་བུའི་སྐད་ཆ་གསུངས་ཡོད་པ་རྔ་པའི་མི་མང་ནང་ས་ཁྱབ་རྡོ་ཁྱབ་ཏུ་ཕྱིན་ཡོད་འདུག ཕྱི་ཚེས་ ༣ ཉིན་རང་ལུས་མེར་བསྲེགས་ཀྱིས་ངོ་རྒོལ་གནང་མཁན་རྒྱལ་གཅེས་དཔའ་བོ་སྐལ་བཟང་དབང་ཕྱུག་ལགས་རྔ་པ་རྫོང་མི་མང་སྨན་ཁང་དུ་ཡོད་ཀྱང་ད་ལྟ་ནས་ཉེན་རྟོག་པ་སོགས་ཀྱིས་འདྲི་གཅོད་སྣ་ཚོགས་བྱས་ཏེ་གཅར་རྡུང་མནར་གཅོད་མི་སྤྱོད་ལས་འདས་པ་གཏོང་གི་ཡོད་འདུག
ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༡༡ ཉིན།
ཉིན་དེའི་ཉིན་རྒྱབ་ཀྱི་བོད་ནང་གི་དུས་ཚོད་ ༢ ཙམ་ལ་ཕྱི་ཚེས་ ༧ ཉིན་རང་ལུས་མེར་བསྲེགས་བཏང་ནས་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་ཆོས་འཕེལ། རང་ལོ་ ༡༩ ཡིན་པ་ཁོང་འབར་ཁམས་སུ་ཡོད་པའི་རྔ་པ་ཁུལ་གྱི་སྨན་ཁང་ནང་གཟི་བརྗིད་ལྡན་པའི་ངང་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་བྱུང་ཡོད་ཀྱང༌། སྔར་བཞིན་སྐུ་ཕུང་ནང་མིར་སྤྲོད་དགོས་པའི་རེ་འདུན་བཏོན་པར་ཉན་འཇོག་རྩ་བ་ནས་མ་བྱས་པར་ཉིན་དེ་རང་ལ་མེར་བསྲེགས་བཏང་ནས་རུས་ཐལ་ཞིག་ནང་མིར་སྤྲད་ཡོད་འདུག མཁའ་དབྱིངས་ཀྱི་ནང་མི་ལ་བཤད་པ་ལྟར་དགེ་འདུན་པ་ལྔ་ལས་མང་བ་དུས་གཅིག་ལ་གདན་འདྲེན་ཞུ་མི་ཆོག་པ་དང༌། རྔ་པ་མི་མང་སེམས་གསོ་བྱེད་པར་གཏོང་གི་མེད་པ་སོགས་སྔར་ལས་ལྷག་པའི་དམ་དྲག་ཆེན་པོ་བྱེད་མུས་ཡིན་འདུག

ཕྱི་ཚེས་ ༡༡ ཉིན་བོད་ཚེས་ ༡༥ ཡིན་སྟབས་རྔ་པ་སྟོད་སྨད་བར་གསུམ་གྱི་སྐྱ་སེར་ཕོ་མོ་རེས་མེད་ཀྱིས་ལས་ཀ་ཡོངས་རྫོགས་མཚམས་འཇོག་བྱས་ཏེ་འདས་གྲོངས་སུ་གྱུར་པ་དང་དཀའ་སྡུག་མནར་གཅོད་འོག་ཡོད་པའི་རྒྱལ་གཅེས་དཔའ་བོ་རྣམས་ཀྱི་ཆེད་དུ་ཀིརྟི་དགོན་པ་གཙོ་བོར་གྱུར་པའི་དགོན་པ་ཁག་གི་ལ་བསྔོ་བསྟེན་འཇོག་པ་དང༌། ཕྱག་མཆོད་སྐོར་སྦྱོང་གི་ལས་ལ་འབད་པ་སོགས་བྱས་ནས་ཡོད་འདུག

ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༡༥ ཉིན

བོད་ནང་གི་སྔ་དྲོའི་དུས་ཚོད་ ༡༡།༥༠ ཙམ་ལ་རྔ་པ་རྫོང་ཆོས་རྗེ་ཞང་སོག་རུ་མའི་པདྨ་ཚང་གི་བུ་ནོར་བུ་དགྲ་འདུལ། རང་ལོ་ ༡༩ ཙམ་ཡིན་པ་ཁོང་གིས་རྔ་པའི་ཁྲོམ་གཞུང་དུ་ཐོན་ནས་རང་ལུས་མེར་བསྲེགས་བཏང་ཞིང་། བོད་ཁ་བ་ཅན་ལ་རང་དབང་རང་བཙན་དགོས། རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས་ཞེས་ངོ་རྒོལ་སྐད་འབོད་བྱས་ཡོད་འདུག  སྐབས་དེར་རྔ་པའི་ཁྲོམ་གཞུང་དུ་ཡོད་པའི་ཉེན་རྟོག་པ་རྣམས་ཀྱིས་ཆུ་དང་མེ་གསོད་ཡོ་ཆས་ཀྱིས་ཁོང་གི་ལུས་ཀྱི་མེ་བསད་ཅིང་། གཅར་རྡུང་བཏང་ཡོད་ལ། ཉེན་རྟོག་པའི་རླངས་འཁོར་ཆུང་ཆུང་ཞིག་གི་ནང་དུ་བཞག་ནས་ཁྱེར་ཡོད་འདུག་མོད། ས་གནས་ཡུལ་མི་རྣམས་ཀྱིས་གང་དུ་ཁྱེར་ཡོད་མེད་སོགས་ཤེས་རྟོགས་ཐུབ་མེད། གནས་ཚུལ་འགྲེལ་བརྗོད་གནང་མཁན་གྱིས་བཤད་ན་ཁོང་གི་གཟུགས་པོ་མེས་འཚིགས་པ་ཚབས་ཆེན་ཡིན་ཡང་སྐབས་དེ་རང་ལ་གྲོངས་མེད་པ་གསལ་པོ་ཡིན་འདུག  ཁོང་ཆུང་ཆུང་སྐབས་རྔ་པ་ཀིརྟི་དགོན་པར་ཆོས་ཞུགས་བྱས་ཤིང་། ཕྱི་ལོ་ ༢༠༡༠ ལོའི་ཟླ་ ༦ ཡས་མས་ཤིག་ལ་གྲྭ་པ་ལོག་ནས་དེང་སྐབས་ཕ་མའི་རྩ་ལ་བསྡད་ཡོད་འདུག

(གོང་གསལ་གནས་ཚུལ་རྣམས་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས་ཕྱོགས་བསྒྲིགས་བཏང་འབྱོར་ལྟར་བཀོད་པ་ཡིན། །)