༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༤ ཉིན་ཧི་མཱ་ཅལ་མངའ་སྡེའི་གྲོས་ཚོགས་ཚོགས་གཙོ་སྐུ་ཞབས་ར་ཇིབ་བྷིན་ཌལ་ (Dr.Rajeev Bindal,the Speaker of Himachal Pradesh Vidhan Sabha) མཆོག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་གདན་ཞུས་ལྟར་ཆེད་ཕེབས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༤།༣༠ ཙམ་ལ་ཧི་མཱ་ཅལ་མངའ་སྡེའི་གྲོས་ཚོགས་ཚོགས་གཙོ་སྐུ་ཞབས་ར་ཇིབ་བྷིན་ཌལ་མཆོག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་སྐབས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོ་མཆོག་གིས་གཙོས་སྤྱི་འཐུས་རྒྱུན་ལས་རྣམ་པས་ཕེབས་བསུའི་སྣེ་ལེན་དང་། དེ་རྗེས་གྲོས་ཚོགས་ཚོགས་ཁང་ནང་གཟིགས་སྐོར་དང་སྦྲགས། ཚོགས་གཙོ་སྦྲེལ་པོ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཀྱི་སྒྲོམ་གཞི་དང་།
༧གོང་ས་མཆོག་གི་ཐུགས་ཀྱི་དགོངས་གཞི་ལྟར། བཙན་བྱོལ་དུ་ཕེབས་མ་ཐག་མང་གཙོའི་ལམ་ལུགས་ཐོག་བསྐྱོད་དགོས་པའི་བཀའ་ཕེབས་པ་གཞིར་བཟུང་ཕྱི་ལོ་ ༡༩༦༠ ཟླ་ ༩ ཚེས་ ༢ ཉིན་སྤྱི་འཐུས་སྐབས་དང་པོས་༸གོང་ས་མཆོག་གི་སྐུ་མདུན་དུ་དམ་འབུལ་ཞུས་པ་ནས་བཙན་བྱོལ་བོད་མིའི་མང་གཙོ་དབུ་བརྙེས་པ་དང་། དེ་རྗེས་ཕྱི་ཟླ་ ༩ ཚེས་ ༢ ཉིན་མང་གཙོ་དབུ་བརྙེས་པའི་དུས་ཆེན་སྲུང་བརྩི་ཞུ་བཞིན་ཡོད་པ་སོགས་མང་གཙོའི་འཕེལ་རིམ་སྐོར་ངོ་སྤྲོད་གནང་ཡོད་པ་མ་ཟད། ཁོང་གིས་གྲོས་ཚོགས་དང་འབྲེལ་བའི་དྲི་བ་གནང་བ་ཁག་ལའང་ལན་འདེབས་གསལ་བཤད་གནང་ཡོད།
དེ་ནས་སྤྱི་འཐུས་རྒྱུན་ལས་ཚོགས་ཁང་ནང་ཧི་མཱ་ཅལ་མངའ་སྡེའི་གྲོས་ཚོགས་ཚོགས་གཙོ་སྐུ་ཞབས་ར་ཇིབ་བྷིན་ཌལ་མཆོག་དང་། དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་གཙོས་སྤྱི་འཐུས་རྒྱུན་ལས་རྣམ་པ་བཅས་ལྷན་འཛོམས་ཐོག་དཔལ་ལྡན་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་འཚམས་འདྲི་དང་སྦྲགས། སྤྱི་འཐུས་རྒྱུན་ལས་རྣམ་པ་རེ་རེ་བཞིན་ངོ་སྤྲོད་གནང་རྗེས། དཔལ་ལྡན་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་སྐུ་ཞབས་ཁོང་ལ་འཚམས་འདྲི་དང་སྦྲགས། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་ངོ་སྤྲོད་དང་། དེ་རིང་ཧི་མཱ་ཅལ་མངའ་སྡེའི་གྲོས་ཚོགས་ཚོགས་གཙོ་སྤྱི་འཐུས་ལྷན་ཚོགས་སུ་ཕེབས་པ་འདི་དམིགས་བསལ་གྱི་ལོ་རྒྱུས་ཅན་ཞིག་ཡིན་སྐོར་དང་། འདས་པའི་དུས་ལ་ཧི་མཱ་ཅལ་མངའ་སྡེའི་དགུན་དུས་གྲོས་ཚོགས་འཚོགས་སྐབས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་མངའ་གཞུང་ལ་འཚམས་འདྲི་དང་། གསོལ་སྟོན་གོ་སྒྲིག་ཞུ་རྒྱུའི་གོ་སྐབས་བྱུང་ཡོད་སྟབས། འདི་ཟླའི་ཧི་མཱ་ཅལ་མངའ་སྡེའི་གྲོས་ཚོགས་ཀྱི་དགུན་དུས་གྲོས་ཚོགས་འཚོགས་སྐབས་སུའང་དེ་ལྟར་གོ་སྒྲིག་གནང་རྒྱུའི་འཆར་གཞི་ཡོད་པ་བཞིན་མངའ་སྡེའི་གྲོས་ཚོགས་ཚོགས་གཙོ་མཆོག་གིས་རིང་མིན་དུས་ཚོད་ཅིག་གནང་སྐྱོང་ཡོང་བའི་རེ་བསྐུལ་ཞུས་གནང་སོང་།
དེ་རྗེས་ཧི་མཱ་ཅལ་མངའ་སྡེའི་གྲོས་ཚོགས་ཚོགས་གཙོ་སྐུ་ཞབས་ར་ཇིབ་བྷིན་ཌལ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོ་མཆོག་གིས་གཙོས་སྤྱི་འཐུས་རྒྱུན་ལས་རྣམ་པར་འཚམས་འདྲི་དང་སྦྲགས་གསུང་དོན། བོད་ས་ཤོར་ནས་ལུང་པ་མེད་མཁན་ཞིག་ཆགས་ཡོད་ཀྱང་། བཙན་བྱོལ་ནང་བོད་ཀྱི་གནས་བབ་རང་བཞིན་གྱི་གཟི་བརྗིད་ལྡན་པ་ཞིག་ཆགས་ཡོད་པ་དང་། རྣམ་པ་ཚོས་རྒྱལ་ཁབ་ཡོད་པ་ནང་བཞིན་སོ་སོའི་ཆོས་དང་། རིག་གཞུང་། མི་རིགས་སྲུང་སྐྱོབ། དེ་བཞིན་གཞུང་གི་སྒྲོམ་གཞི་ཚད་ལྡན་ཞིག་ཡོད་པ་བཅས་ནི་གཙོ་བོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བླ་ན་མེད་པའི་ཐུགས་ཀྱི་དགོངས་གཞི་དང་། ཡང་སྒོས་བོད་མི་རྣམས་ནས་སོ་སོའི་རྒྱལ་ཁབ་དང་མི་རིགས་ཀྱི་ལ་རྒྱའི་ཐོག་ནས་བྱུང་བསྡད་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། འདས་པའི་ལོ་ངོ་དྲུག་ཅུའི་ནང་སོ་སོའི་ས་ཆ་ནས་བྲལ་ཏེ་ཕྱིའི་རྒྱལ་ཁབ་ལ་བསྡད་ནས་ཆོས་དང་། རིག་གཞུང་སྲུང་སྐྱོབ་བྱེད་ཐུབ་པ་དང་། བོད་ཀྱི་འཐབ་རྩོད་དེ་སྔར་ལྷག་འཛམ་གླིང་ཡོངས་ཁྱབ་ཆགས་ཡོད་པ་ནི་དཔེ་མཚོན་ལྟ་བུ་ཞིག་རེད། བོད་མི་ཚོར་ཆོས་དང་རིག་གཞུང་། གོམས་གཤིས་བཟང་པོ་ཞིག་ཡོད་པ་དེས་བོད་མི་ཙམ་མ་ཟད། འཛམ་གླིང་ཡོངས་ལ་ཕན་ཐོགས་ཐུབ་པའི་ཁྱད་ཆོས་ལྡན་པ་ཞིག་ཡོད་རེད། ལྷག་པར་དུ་དཔལ་ན་ལེན་ཌའི་ཆོས་བརྒྱུད་དེ་བོད་མི་རྣམས་ཀྱིས་སྲུང་སྐྱོབ་གནང་དང་གནང་བཞིན་པ་དེ་གནད་འགག་ཆེན་པོ་ཞིག་རེད། འབྱུང་འགྱུར་བོད་ཀྱི་བདེན་མཐའ་གསལ་གྱི་རེད། ཡིན་ནའང་ག་དུས་བདེན་མཐའ་གསལ་ཐུབ་མིན་བཤད་པར་དཀའ། འཐབ་རྩོད་ཁྲོད་མི་མང་པོའི་ཚེ་སྲོག་དང་། དཀའ་སྡུག་མྱང་གི་རེད། འོན་ཀྱང་བོད་དོན་བདེན་མཐའ་ཏན་ཏན་གསལ་གྱི་རེད།
བོད་དང་རྒྱ་གར་གྱི་གནས་བབ་དེ་ང་རང་རྒྱ་གར་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་ (RSS) ནང་ཡོད་པའི་སྐབས་སུ་ནས་ཐ་དད་ཅིག་ལ་ངོས་འཛིན་བྱེད་ཀྱི་མེད་པ་དང་། ས་ཡི་དཀྱིལ་འཁོར་གཅིག་དེ་དུམ་བུ་གཉིས་འདྲ་པོ་དང་། ང་ཚོའི་བར་ནམ་ཡང་མི་མཐུན་པ་དང་། མི་མཚུངས་པ་གང་ཡང་བྱུང་མེད། བོད་དང་རྒྱ་གར་གཉིས་སྤྱིར་བཏང་གི་ཁྱིམ་མཚེས་ཤིག་མིན་པར། མ་གཅིག་གི་བུ་སྤུན་ལྟ་བུ་ཆགས་ཡོད་རེད། ང་ཚོས་བོད་ཀྱི་འཐབ་རྩོད་ཐོག་ག་དུས་ཡིན་ནའང་རྒྱབ་སྐྱོར་དང་། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལའང་མུ་མཐུད་རྒྱབ་སྐྱོར་ཞུ་གི་ཡོད། ང་རང་ལོ་ ༢༠ ལྷག་རིང་མངའ་སྡེའི་གྲོས་ཚོགས་འཐུས་མི་བྱས་མྱོང་མཁན་ཞིག་དང་། རྡ་སར་ཡང་ཡང་བཅར་ཏེ། ༸གོང་ས་མཆོག་དང་མཇལ་འཕྲད་ཞུས་མྱོང་བ་མ་ཟད། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནས་གོ་སྒྲིག་ཞུས་པའི་གསོལ་སྟོན་མང་པོའི་ནང་བཅར་མྱོང་། ད་ལྟ་གོང་དུ་རེ་བསྐུལ་ཞུས་པ་གཞིར་བཟུང་དུས་ཚོད་ཅིག་གནང་ཆོག་གི་རེད།
ཟླ་འདིའི་ཚེས་ ༡༠་་་༡༥ བར་མངའ་སྡེའི་གྲོས་ཚོགས་བསྐྱང་རྒྱུ་ཡིན་པ་དང་། དེའི་སྐབས་གོ་སྒྲིག་གནང་ཐུབ་ཀྱི་རེད། ཅེས་གསུངས་གནང་རྗེས། དཔལ་ལྡན་ཚོགས་གཞོན་མཆོག་གིས་སྐུ་ཞབས་ཁོང་ནས་གསུང་བཤད་ཟབ་རྒྱས་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་དང་ཆབས་ཅིག བོད་དེ་རྒྱ་ནག་གཞུང་གིས་དམག་ས་ (War Zone) ལྟ་བུ་བཟོས་ཡོད་པ་དང་། བོད་ནང་བོད་མི་ ༡༥༣ གྱིས་རང་ལུས་མེར་བསྲེགས་གནང་ཡོད་སྐོར་སོགས་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་ངོ་སྤྲོད་གནང་སོང་།
མཐར་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཧི་མཱ་ཅལ་མངའ་སྡེའི་གྲོས་ཚོགས་ཚོགས་གཙོ་མཆོག་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲན་རྟེན་ཕྱག་རྟགས་ཕུལ་གནང་ཡོད་པ་བཅས། །