༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༡༥ ཉིན་ཀངྒ་ར་རྫོང་ལས་ཁུངས་ཀྱིས་གོ་སྒྲིག་འོག་རྡ་སའི་ཉེན་རྟོག་ཐང་ཆེན་དུ་ཧི་མཱ་ཅལ་ཉིན་མོ་ཐེངས་བདུན་ཅུ་འཁོར་བའི་དུས་དྲན་སྲུང་བརྩི་ཞུས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཕྱག་ཚོད་ ༡༡ ཐོག་སྐུ་མགྲོན་གཙོ་བོར་རྒྱ་གར་ཧི་མཱ་ཅལ་མངའ་སྡེའི་སྡོད་ཁང་དང་གྲོང་ཁྱེར་ཡར་རྒྱས། གྲོང་ཁྱེར་དང་གྲོང་སྡེ་འཆར་འགོད་ཀྱི་བློན་ཆེན་སུ་དྷིར་ཤར་མ་(Sudhir sharma) མཆོག་ཕེབས་གནང་བ་དང་། དེ་བཞིན་ཧི་མཱ་ཅལ་རྫོང་སྡེ་ལས་ཁུངས་ནས་དགའ་ལྡན་ཕོ་བྲང་བརྒྱུད་མགྲོན་ཤོག་གནང་འབྱོར་ལྟར་མཛད་སྒོའི་སྐུ་མགྲོན་དུ་དཔལ་ལྡན་ཚོགས་གཞོན་ཨ་ཅཱརྱ་ཡི་ཤེས་ཕུན་ཚོགས་མཆོག་ཆེད་ཕེབས་གནང་བ་དང་། གཞན་ཧི་མཱ་ཅལ་རྫོང་སྡེའི་དཔོན་རིགས་རྣམ་པ་དང་ས་གནས་ཡུལ་མི་གཙོས་པའི་གསར་འགོད་པ་བཅས་བཅར་ཡོད།
དེ་ཡང་མཛད་སྒོའི་ཐོག་མར་རྒྱ་གར་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་བ་དང་དེ་རྗེས་ཉེན་རྟོག་རུ་ཁག་རྣམས་ཀྱིས་རུ་སྒྲིག་གི་ལམ་ནས་སྐུ་མགྲོན་རྣམས་ལ་ཆེ་མཐོང་གུས་འདུད་ཞུས་པ་དང་སྦྲགས་སྐུ་མགྲོན་གཙོ་བོ་མཆོག་གིས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་དང་རྡ་སྟེང་བོད་ཁྱིམ་གྱི་སློབ་གྲྭ་གཙོས་སློབ་གྲྭ་འདྲ་མིན་ནས་རིག་གཞུང་འཁྲབ་སྟོན་གཟིགས་འབུལ་ཞུས་ཡོདཔའི་གནས་ཚུལ་དུ།།