ཧི་མ་ཅཱལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་ཤན་ཏ་ཀུ་མར་མཆོག་གི་སྐུ་ཟླ་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་དཔལ་ལྡན་ཚོགས་གཞོན་མཆོག་གིས་ཐུགས་གསོ་ཞུས་པ།

ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༡༩ ཉིན་གཏོང་ལེན་སློབ་གྲྭར་གཏོང་ལེན་ཡིད་ཆེས་དགེ་རྩ་ཚོགས་པ་དབུ་བརྙེས་ནས་ལོ་ངོ་ ༡༥ འཁོར་བའི་མཛད་སྒོའི་སྐབས།

༄༅། ། ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༢༩ ཉིན་གྱི་སྔ་དྲོ་ཧི་མ་ཅཱལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་དང་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་ཟུར་པ་སྐུ་ཞབས་ཤན་ཏ་ཀུ་མར་ (Shri.Shanta Kumar,Former Chief Minister of H.P and Former Convener of All Party Parliamentary Forum for Tibet) མཆོག་གི་སྐུ་ཟླ་སན་ཏོ་ཤི་ཤེལ་ཇ་ (Smt. Santosh Shailja) མཆོག་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར། དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་གཞིས་བྱེས་བོད་མི་ཡོངས་དང་། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་སྐུ་ཞབས་ཤན་ཏ་ཀུ་མར་མཆོག་གིས་གཙོས་པའི་ནང་མི་ཉེ་འབྲེལ་ལྟོས་བཅས་ཡོངས་ལ་ཐུགས་གསོ་ཞུས་གནང་འདུག

ཐུགས་གསོའི་འཕྲིན་ཡིག་ནང་འཁོད་དོན། ལྕམ་སྐུ་དམ་པ་སན་ཏོ་ཤི་ཤེལ་ཇ་མཆོག་ནི་ཤེས་ཡོན་གྱི་གནས་ཚད་མཐོ་པོ་ཡོད་ཅིང་། ཁོང་སྐུ་འཚོ་བཞུགས་སྐབས་རྩོམ་ཡིག་དང་། ཕྱག་དེབ་མང་པོ་བྲིས་གནང་ཡོད། དེ་བཞིན་ལྕམ་སྐུ་ཁོང་གིས་ལྡི་ལིར་རྒྱ་གར་གཞུང་གི་སློབ་གྲྭའི་ནང་དགེ་རྒན་གྱི་ཕྱག་ལས་གནང་མྱོང་བ་ཙམ་མ་ཟད། སྤྱི་ཚོགས་ནང་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ཆེན་པོ་སྤྲོད་ཐུབ་མཁན་ཞིག་ཡིན། དམ་པ་ཁོང་ནི་སྙིང་སྟོབས་ཅན་དང་། ཐུགས་ཁུར་ཆེན་པོ་བཞེས་མཁན་གྱི་བུད་མེད་ཅིག་ཡིན་པ་དང་། ཁོང་གིས་སྐུ་ཉིད་ལ་མི་ཚེའི་ནང་རྒྱབ་སྐྱོར་ཆེན་པོ་གནང་ཡོད།

སྐུ་ཉིད་དང་། སྐུ་ཉིད་ཀྱི་ནང་མི་ཡོངས་ནས་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་གུས་བརྩི་ཆེན་པོ་ཞུས་དང་ཞུ་བཞིན་པ་དང་། བོད་ཀྱི་རྩ་དོན་ཐོག་ག་དུས་ཡིན་ནའང་རྒྱབ་སྐྱོར་གནང་བ་བཅས་ལ་ང་ཚོས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། དེ་བཞིན་སྐུ་ཉིད་ནས་དུས་ཡུན་རིང་པོའི་རིང་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྣེ་འཁྲིད་གནང་སྟེ་བོད་དོན་ཐོག་རྒྱབ་སྐྱོར་གང་ཐུབ་གནང་བ་ལའང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

ངས་གཞིས་བྱེས་བོད་མི་ཡོངས་དང་། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། སྐུ་ཉིད་ཀྱི་སྐུ་ཟླ་འདས་གྲོངས་སུ་གྱུར་བར་ཐུགས་གསོ་ཞུ་རྒྱུ་དང་། ལྕམ་སྐུ་མཆོག་སྐུ་ཚེའི་འཕེན་པ་རྫོགས་པ་དེས་བོད་རིགས་ཡོངས་ལ་གྱོང་གུད་ཆེན་པོ་ཕོག་ཡོད་ཅེས་འཁོད་འདུག་པ་བཅས། །