༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༤ ཚེས་ ༡༥ རེས་གཟའ་པ་སངས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡།༠༠ ཙམ་ལ་ཧི་མ་ཅཱལ་མངའ་སྡེ་དབུ་བརྙེས་པའི་ཉིན་མོའི་གཞུང་འབྲེལ་མཛད་སྒོ་ཞིག་རྡ་ས་ཉེན་རྟོག་ཐང་ཆེན་དུ་སྲུང་བརྩི་གཟབ་རྒྱས་ཞུས་གནང་སོང་།
སྐབས་དེར་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག་དང་། སྤྱི་འཐུས་མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས་མཆོག སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་མཆོག སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་མཆོག་བཅས་མཛད་སྒོའི་ཐོག་སྐུ་མགྲོན་དུ་གདན་ཞུས་ལྟར་མཉམ་ཞུགས་གནང་ཡོད།
གཞན་ཡང་མཛད་སྒོའི་སར་ཧི་མ་ཅཱལ་མངའ་སྡེའི་སྤྱི་ཚོགས་དྲང་བདེན་དང་། ནུས་སྟོབས་གོང་སྤེལ་བློན་ཆེན་ལྕམ་སྐུ་སར་ཝན་ཅའོ་དེ་རི་ (Smt. Sarveen Chaudhary, Social Justice & Empowerment Minister) མཆོག་སྐུ་མགྲོན་གཙོ་བོར་གདན་ཞུས་གནང་ཡོད་པ་དང་སྐུ་མགྲོན་དུ་རྡ་རམ་ས་ལའི་ཧི་མཱ་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཝི་ཤལ་ནེ་རི་ཡ་ (Shri Vishal Nehria, MLA Dharamshala) མཆོག་དང་རྫོང་གི་དཔོན་རིགས་གཞན་ཡང་ཕེབས་གནང་ཡོད་འདུག
དེ་ཡང་མཛད་སྒོའི་ཐོག་མར་སྐུ་མགྲོན་གཙོ་བོ་མཆོག་ནས་རྒྱ་གར་རྒྱལ་དར་མཁའ་དབྱིངས་སུ་སྒྲེང་འཛུགས་གནང་རྗེས། ཉེན་རྟོག་རུ་ཁག་གིས་རུ་སྒྲིག་གི་ལམ་ནས་ཆེ་མཐོང་ཞུས་གནང་བ་དང་། དེ་ནས་སྐུ་མགྲོན་གཙོ་བོ་མཆོག་གིས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་གྲུབ་མཚམས། ས་གནས་མི་མང་ནས་རིག་གཞུང་འཁྲབ་སྟོན་གཟིགས་འབུལ་ཞུས་གནང་རྗེས་ཐེངས་འདིའི་མཛད་སྒོ་གྲོལ་གནང་སོང་།