སྦེལ་ཀོབ་སེར་སྐྱ་མང་ཚོགས་ཆིག་ཁྲི་སུམ་སྟོང་ལྷག་སེ་ར་ཆོས་སྒར་དུ་འདུ་འཛོམས་ཀྱིས་ཟས་བཅད་མཆོད་འབུལ་སྨོན་ལམ་གནང་བ།

ཕྱོགས་བཞུགས་སྤྱི་འཐུས་རོང་པོ་བློ་བཟང་སྙན་གྲགས་ལགས་ཀྱིས་གནས་ཚུལ་བཏང་འབྱོར་ལྟར་ན། ཕྱི་ཟླ་༡༠ ཚེས་༡༩ ཉིན་སྔ་དྲོ་ཆུ་ཚོད་༨།༠༠ ནས་དགོང་དྲོ་ཆུ་ཚོད་༥།༠༠ བར། བོད་ནང་གི་ཛ་དྲག་གནས་སྟངས་ཐད་གདུང་སེམས་མཉམ་སྐྱེད་དང་། རྒྱ་གཞུང་གི་གདུག་རྩུབ་སྲིད་བྱུས་ལ་ངོ་རྒོལ་ཆེད། བཀའ་སྤྱི་ཐུན་མོང་ནས་ཉིན་བརྒྱ་དུས་གཅིག་གི་ལམ་སྟོན་ཕེབས་དགོངས་བཞིན། འཇམ་མགོན་བསྟན་པའི་སྲོག་ཤིང་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་བློ་བཟང་བསྟན་འཛིན་མཆོག་དང་། སེ་ར་བྱེས་སྨད་གཉིས་ཀྱི་མཁན་རིན་པོ་ཆེ་དང་། རྒྱུད་སྨད་མཁན་ཟུར་རིན་པོ་ཆེས་གཙོས་བྱེས་སྨད་གཉིས་ཀྱི་འདུས་མང་ཡོངས་དང་། སྔ་འགྱུར་རྣམ་གྲོལ་གླིང་དང་། བཀྲ་ཤིས་ལྷུན་པོ། ས་སྐྱ། བཀའ་རྒྱུད་དགོན་པ་གསུམ་གྱིས་གཙོས་པའི་སྐྱབས་གནས་དགེ་འདུན་པ་དང་། བོད་མི་མང་སྤྱི་འཐུས་རོང་པོ་བློ་བཟང་སྙན་གྲགས་ལགས་དང་། ལུགས་བདེ་གཉིས་ཀྱི་ས་གནས་འགོ་འཛིན་རྣམ་པ་གཉིས་ཀྱིས་གཙོས་གཞུང་ཞབས་ལས་བྱེད་དང་། རྒྱ་ཆེའི་སེར་སྐྱ་མང་ཚོགས། བཅས་སེར་སྐྱ་མི་གྲངས་ཆིག་ཁྲི་སུམ་སྟོང་བརྒལ་བ་འདུ་འཛོམས་ཀྱིས།
༡༽ ཚང་མ་སྐུ་བཞེངས་ཐོག་འཕགས་བོད་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དང་།
༢༽ རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་དུ་མྱ་ངན་གུས་འདུད་སྐར་མ་གཅིག་དང་།
༣༽ བདེན་ཚིག་སྨོན་ལམ་གདངས་དབྱངས་སུ་གྱེར་བ་དང་།
༤༽ བདེ་སླར་ས་གནས་འགོ་འཛིན་ཕུན་ཚོགས་ཚེ་རིང་ལགས་ནས་ངོ་སྤྲོད་གསུང་བཤད་དང་།
༥༽ འཇམ་མགོན་བསྟན་པའི་སྲོག་ཤིང་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་བློ་བཟང་བསྟན་འཛིན་མཆོག་ནས་བཀའ་སློབ་གསུང་བཤད་དང་།
༦༽ སྤྱི་འཐུས་རོང་པོ་བློ་བཟང་སྙན་གྲགས་ལགས་ནས་བོད་ནང་གི་ཛ་དྲག་གི་གནས་སྟངས་དང་འབྲེལ་བའི་གཏམ་བཤད་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གཏན་འབེབས་ལས་འགུལ་སྐབས་ཀྱི་བསྲུང་བྱ་ཁག་ལམ་སྟོན་དང་།
༧༽ ལུགས་བསམ་ས་གནས་འགོ་འཛིན་ཨང་ཀེ་ཚང་མགོན་པོ་བཀྲ་ཤིས་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གྲུབ་པ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་དྲ་རྒྱ་ནང་བཀྲམས་པའི་ཞལ་འདོན་དང་། མཆོད་འབུལ་སྨོན་ལམ་གནང་།

ཉིན་རྒྱབ་ཆུ་ཚོད་༡།༠༠ ཐོག་རྒྱ་གར་གྱི་གསར་འགོད་པ་རྣམས་ལ་སྤྱི་འཐུས་རོང་པོ་བློ་བཟང་སྙན་གྲགས་ལགས་ནས་གསར་འགོད་གསལ་བསྒྲགས་བསྐྱངས་པ། གཞོན་ནུའི་ཚོགས་ཟུར་བློ་བཟང་ཡེ་ཤེས་ལགས་ནས་དབྱིན་སྐད་ཐོག་སྐད་བསྒྱུར་དང་།

ཆུ་ཚོད་༢།༠༠ ཐོག    སེ་ར་ཚོགས་ཆེན་དུ་མ་ཤོང་བ། སེར་བྱེས་ཆོས་རའི་ནང་དགེ་འདུན་པ་དང་། སློབ་ཕྲུག རྒྱ་ཆེའི་མང་ཚོགས་བཅས་ལ་བསྐྱར་དུ་གོང་གསལ་མཛད་རིམ་ཁག་དང་། གསུང་བཤད་རིམ་པར་གནང་། སེ་ར་ཆོས་སྒར་གྱི་རྩིག་ངོས་དག་ཏུ་སེ་ར་བྱེས་སྨད་གཉིས་དང་། སེ་ར་བླ་སྤྱི་བཅས་ཀྱིས་དཔར་སྐྲུན་འགྲེམས་སྤེལ་བྱས་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་མཁོ་འདོན་གནང་བའི་བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོའི་པར་རིས་དང་། མཆོད་མེ། འཕྲེད་དར་ཚིག་གཞི་བཀོད་པའི་ཚོན་ལྡན་དར་དཔྱངས་ཀྱིས་ཁེངས་པར་བྱས་འདུག 
དེ་བཞིན་མའེ་སོར་གྲོང་ཁྱེར་དུ་རྫོང་དཔོན་ལས་ཁུངས་ཀྱི་མདུན་དུ་སྔ་དྲོ་ཆུ་ཚོད་༩།༠༠ ནས་དགོང་དྲོ་ཆུ་ཚོད་༥།༠༠ བར་སྦེལ་ཀོབ་ས་ཁུལ་གྱི་སེར་སྐྱ་མང་ཚོགས་སུམ་བརྒྱ་ཉི་ཤུ་ལྷག་གིས་ཟས་བཅད་ངོ་རྒོལ་སྐབས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བཀྲམས་པའི་ཞལ་འདོན་གསུངས་པ་དང་། རྒྱ་གར་གསར་འགོད་སྡེ་ཚན་མི་འདྲ་བ་སུམ་ཅུ་ལྷག་ལ་གནས་ཚུལ་ཁྱབ་བསྒྲགས་བྱུང་ཡོད།

Menu