སྦེལ་ཀོབ་ས་ཁུལ་གྱི་སེར་སྐྱ་མང་ཚོགས་དྲུག་བརྒྱ་ལྷག་གིས་མའེ་སོར་གྲོང་ཁྱེར་དུ་ཞི་བའི་རྔམ་སྟོན་ཁྲོམ་སྐོར་བྱས་པ།

བོད་ནང་གི་ཛ་དྲག་གནས་སྟངས་ཐད་གདུང་སེམས་མཉམ་སྐྱེད་མཚོན་ཆེད།  ཕྱི་ཟླ་ ༡༠  ཚེས་ ༡༨ ཉིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ས་ཁུལ་གྱི་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་རོང་པོ་བློ་བཟང་སྙན་གྲགས་ལགས་དང་།  ལུགས་བསམ་གཞིས་འགོ་མགོན་པོ་བཀྲ་ཤིས་ལགས།  བདེ་སླར་གཞིས་འགོ་ཕུན་ཚོགས་ཚེ་རིང་ལགས་བཅས་ཀྱི་བཀོད་སྒྲིག་འོག  གཞོན་སྐྱེས་དང་བུད་མེད་ཀྱིས་སྣེ་ཁྲིད་དེ།  ས་གནས་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་ལས་བྱེད་ཡོངས་དང་།  གཞིས་གྲོང་ཁག་གི་བརྒྱ་དཔོན་དང་སྤྱི་མི།  དགོན་སྡེ་ཁག་གི་ཕྱག་མཛོད་དང་།  སྡེ་ཚན་ཁག་གི་འགན་འཛིན་སོགས་གནད་ཡོད་མི་སྣ་བཅས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་སེར་སྐྱ་མང་ཚོགས་དང་།  མའེ་སོར་བོད་པའི་མཐོ་སློབ་བཅས་མི་གྲངས་དྲུག་བརྒྱ་ལྷག་མའེ་སོར་གྲོང་ཁྱེར་དུ་འདུ་འཛོམས་ཀྱིས། གྲོང་སྡེ་ཚོགས་ཁང་ཆེན་མོ་ Town Hall ནས་རྫོང་དཔོན་ལས་ཁུངས་བར་ཞི་བའི་རྔམ་སྟོན་ཁྲོམ་སྐོར་བྱས་ཤིང་།  ལས་འགུལ་གྱི་དགོས་འདུན་དོན་ཚན་ཁག་དབྱིན་ཡིག་དང་།  ཀ་ན་ཀྲ་ཀའི་སྐད་ཡིག་གཉིས་ཐོག་རྒྱ་ཁྱབ་ཏུ་བཀྲམས་པ་དང་།  མཇུག་ཏུ།  བཀའ་སྤྱི་ཐུན་མོང་གི་བསྒྲགས་གཏམ་གཞིར་བཟུང་གི་དགོས་འདུན་ཞུ་ཡིག་མའེ་སོར་རྫོང་དཔོན་བརྒྱུད་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་ཞུ་ཡིག་ཕུལ་བ་སོགས་རྒྱ་བོད་གསར་འགོད་པ་མང་པོ་བརྒྱུད་གནས་ཚུལ་ཁྱབ་བསྒྲགས་ཆེན་པོ་བྱུང་ཡོད། །

 

Menu