སྤྲུལ་སྐུ་བསོད་ནམས་དབང་རྒྱལ་ལགས་ཀྱིས་རང་ལུས་ཞུགས་འབུལ་གནང་བའི་གནས་ཚུལ་ཁ་སྐོང་།

རྩོམ་པ་པོ་ཚེ་རིང་འོད་ཟེར་གྱི་ཟིན་བྲིས་སུ་ཕྱི་ཚེས་ ༡༠ ཉིན་གནས་ཚུལ་བཀོད་པ་ལྟར་ན། ཟླ་ ༡ ཚེས་ ༩ ཉིན་གྱི་སྔ་དྲོར། ས་གནས་ཡུལ་མི་ཉིས་སྟོང་ལྷག་གིས་རང་ལུས་ཞུགས་འབུལ་གྱིས་སྐུ་སྲོག་ཤོར་བའི་སྤྲུལ་སྐུ་བསོད་ནམས་དབང་རྒྱལ་ལགས་ཀྱི་སྐུ་པར་ཁྱེར་ཞིང་། ལག་ཏུ་མེ་ཏོག་དང་མར་མེ་བཟུང་བ་དང་། རླུང་རྟ་གཏོར་བཞིན་དར་ལག་རྫོང་ཐོག་ཏུ་ཁྲོམ་སྐོར་བྱས་འདུག

ཁ་སང་ཕྱི་དྲོ་ནས་བཟུང་རྫོང་ཐོག་ཏུ་གོ་མཚོན་དང་དབྱུག་པ། ཕུབ་སོགས་ཐོགས་པའི་དྲག་ཆས་ཉེན་རྟོག་པ་ཇེ་མང་དུ་སོང་སྟེ། དེ་དག་གིས་ཁྲོམ་སྐོར་དུ་འགྲོ་བཞིན་པའི་མང་ཚོགས་ཁ་གཏོར་ཏེ། སྤྲུལ་སྐུའི་དགོན་པར་མྱ་ངན་ཞུ་བར་འགྲོ་རུ་བཅུག་མི་འདུག

དར་ལག་རྫོང་དཔོན་གྱིས་མང་ཚོགས་ལ་བྱེད་ཐལ་མེད་པ་དང་། ངོ་རྒོལ་གྱི་ལས་འགུལ་གང་ལའང་ཞུགས་མི་ཆོག དེ་མིན་མཐའ་འབྲས་ཇི་བྱུང་འགན་སོ་སོས་ཁྱེར་དགོས་ཞེས་ཉེན་བརྡ་བཏང་འདུག  ཕྱི་དྲོའི་ཆུ་ཚོད་ ༣ པ་ཙམ་ལ་མང་ཚོགས་རང་གནས་སུ་ལོག་པ་དང་། ཉེན་རྟོག་མི་སྣ་དང་འཁྲུག་རྩོད་ཅི་ཡང་བྱུང་མི་འདུག

ཚེས་ ༨ ནས་བཟུང་དར་ལག་རྫོང་ཐོག་གི་ཚོང་ཁང་ཕལ་ཆེ་བ་སྒོ་བརྒྱབ་འདུག

ས་གནས་བོད་མིས་གནས་ཚུལ་བརྗོད་པ་ལྟར་ན། ཚེས་ ༨ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༦ ཙམ་ལ། སྤྲུལ་སྐུ་བསོད་ནམས་དབང་རྒྱལ་ལགས་ཀྱིས་དར་ལག་རྫོང་མཁར་ལྟེ་བའི་བཞི་མདོའི་སྟེགས་བུའི་སྟེང་རང་ལུས་མེར་བསྲེགས་བཏང་བ་དང་། ས་སྣུམ་ཕོན་ཆེ་བཏུང་ཡོད་པར་བརྟེན། རང་ལུས་མེར་བསྲེགས་སྐབས་སྐུ་གཟུགས་གས་འཐོར་དུ་ཕྱིན་པ་དང་། བོད་མི་ཚོས་ཡུར་བའི་ནང་ཆག་གྲུམ་དུ་སོང་བའི་རུས་པ་རྙེད་དེ་དགོན་པར་བསྐྱལ་འདུག

ཚེས་ ༨ ཀྱི་དགོང་མོར་མང་ཚོགས་སྟོང་ཕྲག་ལྷག་གིས་ཁྲོམ་སྐོར་བྱས་ཏེ། རྒྱ་གཞུང་ལ་སྤྲུལ་སྐུའི་སྐུ་ཕུང་རྩིས་སྤྲོད་དགོས་པའི་རེ་འདུན་བཏོན་འདུག རྗེས་སུ་ཉེན་རྟོག་མི་སྣས་སྐུ་ཕུང་སོ་སྒྱེ་ནང་བཅུག་སྟེ་སྤྲུལ་སྐུའི་ནང་མིར་སྤྲད་འདུག

སྤྲུལ་སྐུ་བསོད་ནམས་དབང་རྒྱལ་ལགས་ཀྱི་ཁྱིམ་དུ་ཨ་མ་རྒན་མོ་ཞིག་དང་བུ་སྤུན་ཞིག་ཡོད་པ་དང་། རྒྱ་གཞུང་གིས་ནང་མིར་གནོན་ཤུགས་སྤྲད་དེ། མང་ཚོགས་སྤྲུལ་སྐུའི་སྐུ་ཕུང་ལ་མཇལ་ཁ་ཞུ་རུ་འཇུག་མི་དགོས་པ་དང་། སྤྲུལ་སྐུས་རང་ལུས་མེར་བསྲེགས་གཏོང་དགོས་པའི་རྒྱུ་རྐྱེན་ཇི་ཡིན་གྱི་སྙན་ཞུ་ཞིག་འབྲི་དགོས་པ་བཅས་དོན་ཚན་གཉིས་བཏོན་འདུག

སྤྲུལ་སྐུ་ལ་རྒྱུས་མངའ་ཡོད་མཁན་ཚོས་ངོ་སྤྲོད་བྱས་པ་ལྟར་ན། སྤྲུལ་སྐུ་བསོད་ནམས་དབང་རྒྱལ་ལགས་གཤིས་ཀ་ཞི་དུལ་དང་། ངང་རྒྱུད་འཇམ་པ། སྨྲ་བ་ཉུང་ལ། གཞན་ལ་ཕན་འདོགས་རྒྱུ་དགའ་བས། ཧ་ཅང་འདྲིས་གཤིབ་བདེ་བ་དང་། ནམ་རྒྱུན་འཁྲུག་ཆ་དོད་པོ་ཞིག་ཀྱང་མིན་པས། གཤིས་སྤྱོད་ཧ་ཅང་ཚུལ་མཐུན་གྱི་སྣང་བ་སྟེར་ལ། མི་རིགས་ཀྱི་འདུ་ཤེས་ཚ་དྲག་ཡོད་པ་ཞིག་ཀྱང་མིན།

ཁོང་གིས་ལོ་མང་རིང་ས་གནས་ཀྱི་སློབ་ཆུང་ལ་རོགས་སྐྱོར་དང་། རྒན་གཅོང་གསོ་སྐྱོང་རྒྱུན་མཐུད་གནང་ཡོད་པ་དང་། འཆར་ལོའི་དགུན་ཁར་ཉིན་གྲངས་བརྒྱ་ཙམ་རིང་ཁོང་གི་དགོན་པར་སྨོན་ལམ་འཚོགས་པ་དང་། ས་གནས་མང་ཚོགས་ཀྱིས་ཧ་ཅང་བརྩི་མཐོང་ཞུ་ཡུལ་ཞིག་ཡིན།

ཁོང་དེ་སྔ་རྒྱ་གར་ནང་གནས་མཇལ་དུ་ཕེབས་མྱོང་སྟབས། རྒྱ་གཞུང་གིས་”གནད་དོན་ཅན་གྱི་མི་སྣ་”ལ་ངོས་བཟུང་སྟེ། ཉེན་རྟོག་ལས་ཁུངས་ནས་འཛིན་བཟུང་བྱེད་སྲིད་པའི་འཇིགས་སྐུལ་ལན་འགར་བྱས་འདུག ཁོང་ལ་དེ་སྔ་ཕྱི་བསྐྱོད་ལག་ཁྱེར་ཡོད་ནའང་། རྒྱ་གཞུང་གིས་བཀོལ་སྤྱོད་མཚམས་འཇོག་བྱེད་དུ་བཅུག་འདུག

ཁོང་གིས་ནང་མིས། སྤྲུལ་སྐུ་ལ་རང་དབང་ཡོད་པ་མ་རེད། ངོ་མས་འུ་ཐུག་ཏུ་བཅུག་ནས་ཐབས་ཤེས་མེད་སོང་བ་རེད་ཅེས་བཤད་འདུག

སྤྲུལ་སྐུ་བསོད་ནམས་དབང་རྒྱལ་ལགས་ཀྱི་ཁ་ཆེམས་ཡི་གེ་ཞིག་བཞག་པའི་ནང་། བོད་མི་ཚོས་རྒྱ་མིའི་ལྟོ་བཟའ་རྒྱུ་མེད།  རྒྱ་མིའི་དངོས་ཟོག་ཉོ་རྒྱུ་མེད།  བོད་མི་རང་ཉིད་ཀྱི་དཔལ་འབྱོར་ལ་རོགས་སྐྱོར་དགོས། བོད་མིས་ཚོས་རྒྱ་ལུགས་ཀྱི་ལོ་གསར་མ་གཏོང་། བོད་ལུགས་ཀྱི་ལོ་གསར་གཏོང་དགོས། བོད་མི་ནང་ཁུལ་མཐུན་སྒྲིལ་བྱེད་དགོས་པ་ལས་ཆོལ་ཁ་དང་ཆོས་བརྒྱུད་ཀྱི་འཐེན་འཁྱེར་བྱ་རྒྱུ་མེད་སོགས་བྲིས་འདུག

དེ་རིང་ས་གནས་སུ་གནས་ཚུལ་ཇི་བྱུང་ཤེས་རྟོགས་མ་བྱུང་ཞེས་བཀོད་འདུག