སྤྱི་སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་ ༡༡ པའི་ལས་ཉིན་ ༣ པའི་བཀའ་བསྡུར།

སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་ ༡༡ པའི་ལས་ཉིན་གསུམ་པ་འགྲོ་བཞིན་པ།

སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་ ༡༡ པའི་ལས་ཉིན་གསུམ་པ་འགྲོ་བཞིན་པ།

ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༢༣ ཉིན་སྔ་དྲོའི་རིང་སྨན་རྩིས་ཁང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བའི་དུས་དྲན་མཛད་སྒོའི་སྐུ་མགྲོན་གཙོ་བོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་སྒྱུར་བཀའ་དྲིན་བསྐྱངས་པ་ལྟར། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། སྲི་ཞུ་བ་དྲུང་འཕར་ཡན་མགྲོན་འབོད་བྱུང་བ་བཞིན་ཕེབས་བཅར་གནང་།

ཉིན་རྒྱབ་ཏུ་ཆུ་ཚོད་ ༣་༡༥ ཐོག་གྲོས་ཚོགས་ལྷན་འཛོམས་གནང་སྟེ་ཁ་ས་བར་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༡༦་་༡༧ ལོའི་སྔོན་རྩིས་ཐོག་སྤྱི་ཡོངས་བགྲོ་གླེང་ཟིན་པར་དཔལ་ལྡན་དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་མཆོག་གིས་བཀའ་ལན་གསལ་བཤད་གནང་། དེ་རྗེས་ལས་ཁུངས་གོ་རིམ་བཞིན་སྔོན་རྩིས་ཐོག་བགྲོ་གླེང་དང་། གཏན་འབེབས་གནང་འགོ་བཙུགས་ཏེ། སྤྱི་འཐུས་ཚོགས་དྲུང་ལས་ཁུངས་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་། བྱང་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་། ལྷོ་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་། ལ་དྭགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་། ཤར་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་། ས་གནས་འཐུས་མིའི་ཚོགས་འདུ། བཀའ་དྲུང་ཡིག་ཚང་། བདེ་སྲུང་ལས་ཁུངས། ཕྱི་དྲིལ་ལས་ཁུངས་བཅས་ཀྱི་སྔོན་རྩིས་རྣམས་རེ་རེ་བཞིན་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་དྲུང་ཆེ་སྤྱི་འཐུས་ཀརྨ་ཡེ་ཤེས་མཆོག་དང་། ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་མི་སྤྱི་འཐུས་བསོད་ནམས་རྒྱལ་མཚན་མཆོག་རྣམ་གཉིས་སོ་སོས་རིམ་པ་བཞིན་དུ་སྙན་སྒྲོན་དང་། དེ་དག་ལ་གྲོས་ཚོགས་ཀྱི་ཚོགས་མི་རྣམ་པས་བགྲོ་གླེང་དགོས་རིགས་དང་བཅས་གཏན་འབེབས་གནང་བཞིན་ཕེབས། གོང་གསལ་གཏན་འབེབས་གནང་སྐབས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་སྤར་ཆའི་གྲོས་འཆར་ལྟར། སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ཀྱི་རྒྱུན་གྲོན་འགྲིམ་འགྲུལ་དང་ཕྱོགས་བསྐྱོད་ཟུར་ཕོགས་ལ་སྒོར་ ༣༠༠༠༠༠ དང་། དམིགས་བསལ་རྒྱུན་གྲོན་ཁོངས་སྤྱི་འཐུས་འཚམས་གཟིགས་དང་། ས་བགོས་ཕྱོགས་བསྐྱོད་ཀྱི་དགོས་དངུལ་ཐོག་སྒོར་ ༥༠༠༠༠༠ ཕྱི་དྲིལ་ལས་ཁུངས་ཀྱི་རྒྱུན་གྲོན་སྦྲག་གླར་སྒོར་ ༢༠༠༠༠༠ བྱང་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གི་རྒྱུན་གྲོན་ཕོགས་དང་། ཁེ་ཕན་གཞན་གྱི་རྩིས་འགོར་སྒོར་ ༢༧༦༣༦༠ བཅས་སྤར་ཆ་གནང་ཞིང་། སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ཀྱི་དམིགས་བསལ་རྩིས་འགོའི་ཁོངས་ད་རེས་སྤྱི་སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་མཐའ་མར་བརྟེན་མཛད་གཙོ་རྣམ་པ་དང་། སྤྱི་འཐུས་རྣམ་པ་ཡོངས་ལ་གསོལ་སྟོན་འབུལ་རྒྱུའི་ཆེད་སྒོར་ ༡༡༠༠༠༠ འཆར་འབུལ་ཡོད་ནའང་། ད་རེས་གྲོས་ཚོགས་ཀྱི་ཚོགས་མི་རྣམ་པར་བཀའ་ཤག་ནས་གསོལ་སྟོན་ཞིག་འབུལ་གནང་རྒྱུ་ཡིན་འདུག་སྟབས་གཞུང་གྲོན་བསྲི་ཚགས་སླད་སྤྱི་ལྷན་གྱི་གསོལ་སྟོན་དེ་བཞིན་འབུལ་མི་དགོས་པར་བཀའ་ཤག་གི་གསོལ་སྟོན་དེ་རང་གིས་འཐུས་པ་གནང་རྒྱུའི་སྤྱི་འཐུས་རྒྱུན་ལས་ཀྱིས་གཞུང་འབྲེལ་གཅོག་ཆའི་གྲོས་འཆར་འབུལ་འདོན་བྱུང་བ་བཞིན་གཅོག་ཆ་གནང་བ་བཅས་དང་། ཕྱི་དྲིལ་ལས་ཁུངས་ཀྱི་སྔོན་རྩིས་ཐོག་བགྲོ་གླེང་གནང་མུར་དགོང་དྲོ་ཚོུད་ ༥ པ་ཡོལ་སྟབས་དཔལ་ལྡན་ཚོགས་གཙོ་མཆོག་ནས་སང་སྔ་དྲོ་ཚོུད་ ༩་༣༠ བར་ཚོགས་གསེང་ཡིན་པའི་གསལ་བསྒྲགས་གནང་བ་བཅས་ཀྱི་གནས་བསྡུས་སུ།།

Menu