སྤྱི་ལྷན་ཚོགས་གཞོན་བསོད་ནམས་བསྟན་འཕེལ་མཆོག་གིས་དབུ་འཁྲིད་པའི་སྤྱི་འཐུས་རྒྱ་རི་བུ་ཕྲུག་མཆོག་དང། སྤྱི་འཐུས་ཀརྨ་ཡེ་ཤེས་མཆོག། སྤྱི་འཐུས་རྨོག་རུ་བསྟན་པ་མཆོག་བཅས་སྤྱི་ལྷན་སྐུ་ཚབ་ཚོགས་ཆུང་ནས་ཟླ་ ༡༢ ཚེས་ ༡༡ ཉིན་ཐེ་ཝན་ཀའུ་ཤོང་གྲོང་ཁྱེར་སྤྱི་ཁྱབ་གཞོན་པ་ལྕམ་སྐུ་ Shyh-Fang Liu མཆོག་མཇལ་འཕྲད་ཀྱིས་བོད་དོན་ངོ་སྤྲོད་དང་རྒྱབ་སྐྱོར་ཡོང་བའི་ཞུ་སྐུལ་གནང་ཡོད་པ་རེད།
དེ་ཡང་ཕྱི་ཚེས་ ༡༡ ཞོགས་པ་སྤྱི་ལྷན་སྐུ་ཚབ་ཚོགས་ཆུང་ཐེ་ཝན་རྒྱལ་ས་ཐེ་པེ་ནས་ཐོན་ཏེ་ཉིན་རྒྱབ་ཀའུ་ཤོང་གྲོང་ཁྱེར་དུ་འབྱོར་བ་དང་། དེ་ནས་ཀའུ་ཤོང་གྲོང་ཁྱེར་སྤྱི་ཁྱབ་གཞོན་པས་དབུ་འཁྲིད་པའི་ལས་བྱེད་རྒན་གྲས་ཁག་གཅིག་མཇལ་འཕྲད་གནང་ཡོད་པ་རེད། མཇལ་འཕྲད་དེའི་སྐབས་ཐོག་མར་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་༸གོང་ས་མཆོག་གྲོང་ཁྱེར་དེར་ཆིབས་བསྒྱུར་སྐབས་ཕེབས་སྒྲིག་སོགས་གོ་སྒྲིག་ལ་བསྔགས་བརྗོད་དང་། བོད་ནང་ད་ལྟའི་གནས་སྟངས། དབུ་མའི་ལམ་གྱི་སྲིད་བྱུས་བཅས་ངོ་སྤྲོད་དང་བོད་དོན་ཐོག་ཐེ་ཝན་ནས་དོ་འཁུར་ཡོང་བའི་རེ་སྐུལ་ཡང་བཏོན་གནང་ཡོད་པ་རེད། སྐབས་དེར་གྲོང་ཁྱེར་སྤྱི་ཁྱབ་གཞོན་པ་ལྕམ་སྐུ་ Shyh-Fang Liu མཆོག་ནས་ཐེ་ཝན་མང་ཚོགས་༸གོང་ས་མཆོག་ལ་དད་གུས་དང་བོད་བརྒྱུད་ནང་བསྟན་ལ་དོ་སྣང་དང་དད་པ་ཞུ་མཁན་མང་པོ་ཡོད་པ་སོགས་ངོ་སྤྲོད་དང་། དེ་ནས་སྤྱི་ལྷན་སྐུ་ཚབ་ཚོགས་ཆུང་གྲོང་ཁྱེར་ནང་ཕེབས་གནང་བར་དགའ་བསུའི་འཚམས་འདྲི་ཡང་གནང་ཡོད་པ་མ་ཟད། གྲོང་ཁྱེར་གྱི་གཞུང་ལམ་ཞིག་ལ་བོད་ཀྱི་གཞུང་ལམ་ཞེས་མིང་བཏགས་ཡོད་པ་སོགས་བོད་དོན་ལ་གདུང་སེམས་མཉམ་བསྐྱེད་ཡོད་ལུགས་སོགས་འགྲེལ་བརྗོད་གནང་ཡོད་པ་རེད།
དེ་ནས་སྤྱི་འཐུས་རྣམ་པས་ཀྱང་ཐེ་ཝན་མང་གཙོའི་ལམ་ལུགས་ལ་བསྔགས་བརྗོད་དང་། བོད་ཀྱི་གནད་དོན་ཐོག་སྔར་ལྷག་རྒྱབ་སྐྱོར་ཤུགས་ཆེ་ཡོང་བའི་ཞུ་སྐུལ་ཡང་གནང་ཡོད་པ་རེད། གོང་གསལ་ལས་རིམ་ནང་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་མཆོག་དང་། སྤྱི་འཐུས་མཁན་པོ་ནོར་བུ་ཚེ་རིང་མཆོག། དོན་གཅོད་ལས་ཁུངས་ཀྱི་དྲུང་ཆེ་བཅས་ནས་ལྷན་ཞུགས་གནང་ཡོད་པ་རེད། གྲོང་ཁྱེར་སྤྱི་ཁྱབ་ལས་ཁུངས་ནས་སྤྱི་ལྷན་གྱི་སྐུ་ཚབ་ཚོགས་ཆུང་ལ་ཆེ་མཐོང་ཆེན་པོའི་ངང་སྣེ་ལེན་ཡང་ཞུས་གནང་ཡོད་པ་རེད།
ཕྱི་ཉིན་ཚེས་ ༡༢ ཉིན་ཀའུ་ཤོང་ནས་ཐོན་ཏེ་ཐེ་པེ་རྒྱལ་སར་འབྱོར་བ་དང་། དེ་གར་བོད་བརྒྱུད་ནང་བསྟན་གྱི་ ཆོས་ཚོགས་ཁག་གཅིག་ལ་མཆོད་མཇལ་དང་། ཕྱི་ཚེས་ ༡༣ ཉིན་ཆོས་ཚོགས་ཤིག་ནས་གོ་སྒྲིག་ལྟར་ཐེ་ཝན་གྱི་བཟོ་གྲྭ་ཁག་གཅིག་དང་། ལོ་རྒྱུས་ལྡན་པའི་ས་གནས་ཁག་ཅིག་ལ་གཟིགས་སྐོར་ཡང་གནང་ཡོད་པ་རེད།
དེ་ནས་ཕྱི་ཚེས་ ༡༤ ཉིན་བོད་བརྒྱུད་ནང་བསྟན་ཆོས་ཚོགས་ཁག་གཅིག་ལ་མཆོད་མཇལ་དང་། ཕྱི་དྲོ་མཁའ་ལམ་བརྒྱུད་ཐཡེ་ལེཎཌ་རྒྱལ་ས་སྦེང་ཀོག་ནང་ཉིན་གཉིས་ཀྱི་གཞུང་འབྲེལ་མཛད་འཆར་ཆེད་ཐོན་གནང་ཡོད་པ་རེད། སྐུ་ཚབ་ཚོགས་ཆུང་ནས་གནས་ཚུལ་གནང་འབྱོར་ལྟར་འགོད་གཏོང་ཞུས།
སྤྱི་ལྷན་ཚོགས་དྲུང་ལས་ཁུངས་ནས་ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༡༥ ལ།།