སྤྱི་ལྷན་སྐུ་ཚབ་ཚོགས་ཆུང་ཞིག་ཨོ་སི་ཀྲོ་ལི་ཡར་ཕེབས་འབྱོར་ཟིན་ནས་བོད་དོན་ཞུ་གཏུགས་གནང་བཞིན་པའི་གནས་ཚུལ་གཉིས་པ།

ཕྱི་ལོ་ ༢༠༡༤ ཟླ་ ༨ ཚེས་ ༢༤ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༢ པར་ཨོ་སི་ཊི་ལི་ཡའི་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པས་གོ་སྒྲིག་འོག་རྒྱ་རིགས་མཁས་པ་དང་།  བོད་དོན་རྒྱབ་སྐྱོར་བ་དྲུག་ཅུའི་སྐོར་དང་།  བོད་མི་བཅུ་གཉིས་བཅས་ UTS Building 10 John street, Sydney NSW པར་འདུ་འཛོམས་བྱས་ཤིང་།  ནུབ་ཨོ་སི་ཊི་ལི་ཡའི་གཙུག་ལག་སློབ་གཉེར་ཁང་གི་ཆབ་སྲིད་ཚན་རིག་གི་གཙུག་ལག་སློབ་དཔོན་གཞོན་པ་ཧྤང་ཆོན་ཡེན་ལགས་ཀྱིས་གཙོ་སྐྱོང་དང་། རྒྱ་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཞོན་མེའེ་ལེ་ལགས་ཀྱིས་བོད་རྒྱ་གཉིས་ཡུན་རིང་འབྲེལ་ཟབ་དང་། ཉེ་རབས་རྒྱ་ནག་དམར་ཤོག་གིས་བོད་མིར་མནར་གཅོད་བཏང་བར་དགོངས་སེལ།  ༧གོང་ས་མཆོག་གིས་བོད་རྒྱ་གཉིས་ཕན་གྱི་དབུ་མའི་ལམ་གྱི་སྲིད་བྱུས་བཏོན་པར་རྒྱབ་སྐྱོར་དང་རྒྱ་མི་རིགས་ལ་དེའི་གོ་རྟོགས་སྤེལ་དགོས་པ་གལ་ཆེ་སོགས་གཏམ་བཤད་གནང་།

དེ་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དཔལ་ལྡན་ཚོགས་གཙོ་མཆོག་གིས་ལོ་རྒྱུས་ཐོག་གི་བོད་རྒྱའི་འབྲེལ་བ་དང་། བོད་ནང་གི་ཛ་དྲག་གི་གནས་བབ། བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་དབུ་མའི་ལམ་གྱི་སྲིད་ཇུས། བོད་ཀྱི་ཁོར་ཡུག་གི་གནས་བབ། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ། བོད་ཀྱི་ཁོར་ཡུག་ནི་ཨེ་ཤ་ཡའི་རྒྱལ་ཁབ་ཁག་དང་འབྲེལ་བ་ཅི་ཡོད་བཅས་ཀྱི་བཀའ་སློབ་ཟབ་རྒྱས་གནང་བ་དང་།  དེ་རྗེས་དྲི་བ་དྲི་ལན་གྱི་ལས་རིམ་ཚུགས་ཤིང་དེར་རྒྱ་རིགས་ཚོགས་ཞུགས་པ་རྣམ་པས།  རང་རང་གི་བསམ་ཚུལ་དང་དྲི་བ་དང་གཏམ་བཤད་།  རྒྱ་རིགས་ཚོས་བསམ་ཚུལ་གཅིག་མཐུན་ནི་དབུ་མའི་ལམ་ནི་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ལམ་ཁ་ཉག་ཅིག་ཡིན་པ་དང་། དེར་རྒྱབ་སྐྱོར་ཞུ་རྒྱའི་ཆོད་སེམས་བརྟན་པོ་མ་ཟད། བོད་ཀྱི་ཁོར་ཡུག་དང་རིག་གཞུང་སྲུང་སྐྱོབས་བོད་ཙམ་མ་ཟད་རྒྱ་ནག་དང་འཛམ་གླིང་ཁྱོན་ཡོངས་ལ་གལ་ཆེ་ཡིན་པ་བཅས་ཀྱི་གཏམ་བཤད་སོགས་གནང་མཁན་བཅོ་ལྔ་བྱུང་།

gyap

ཚོགས་འདུ་ཚོགས་ནས་ཆུ་ཚོད་༣།༣༠ ཙམ་ནས་སྐར་མ་བཅུའི་བར་གསེང་དང་། དེ་རྗེས་སྐྱར་ཚོགས་ཀྱིས་ཕྱི་དྲོའི་ཆུ་ཚོད་༥།༥༠ བར་དྲི་བ་དྲི་ལན་དང་བཅས་ཚོགས་འདུ་མཇུག་བསྡུས། ཆུ་ཚོད་༦།༠༠ པ་ནས་༩ བར་དོན་གཅོད་ལས་ཁུངས་ནས་ཚོགས་ཞུགས་པ་རྣམ་པར་ཞལ་ལག་གོ་གྲིག་གནང་ཞིང་དེར་ཡང་གོང་གསལ་དོན་ཚན་ཁག་དང་འབྲེལ་བགྲོ་གླེང་ལྷུག་པོ་བྱུང་། ལྷག་པར་འདུ་འཛོམས་སྐབས་དོན་གཅོད་ཁང་གི་གྲོས་འདྲི་བ་ཟླ་སྒྲོན་ལགས་ཀྱིས་གོ་སྒྲིག་དང་སྐད་བསྒྱུར་བཅས་ཀྱི་འགན་འཁུར་གནང་བ་བཅས་བོད་རྒྱའི་བགྲོ་གླེང་ཚོགས་འདུ་གྲོལ།