སྤྱི་འཐུས་ཨཅཱརྱཱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་རྒྱ་གར་བྱང་ཕྱོགས་བོད་མིའི་གཞིས་ཆགས་ཁག་ཏུ་ཕྱོགས་ཕེབས་གནང་བ།

DSC03346སྐབས་ ༡༥ པའི་བོད་མི་མང་སྤྱི་འཐུས་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༡༡ ནས་ ༢༢ བར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཆ་བགོས་ལྟར་ས་གནས་བཀྲིས་ལྗོངས། སྦིར་སྡེ་ནང་གསུམ་དང་མཚོ་པདྨ། དེ་བཞིན་མན་ཌི་དང་སུན་དར་ན་གར། པོན་ཌོ་བཀྲིས་གླིང༌། ཀུ་ལུ་དང་མ་ན་ལི་བར་ས་གནས་འགོ་འཛིན་ཁག་དྲུག་དང་འབྲེལ་མཐུད་པ་གཅིག་བཅས་ཡོད་ས་རུ་ཕྱོགས་ཕེེབས་དང་འཚམས་གཟིགས་གནང་ཡོད་པ་རེད།

དེ་ཡང་ཕྱི་ཚེས་ ༡༡ ཉིན་ཕྱི་དྲོ་ལྡི་ལི་ནས་བཀྲིས་ལྗོངས་ལ་ཐོན། ཕྱི་ཚེས་ ༡༢ སྔ་དྲོ་བཀྲིས་ལྗོངས་སུ་འབྱོར། ཕྱི་ཚེས་ ༡༢ སྔ་དྲོ་ཆུ་ཚོད་ ༡༠།༠༠ ནས་ ༡༢།༠༠ བར་མི་མང་དང་ལྷན་དུ་ལྷན་ཚོགས་གནང་། དེ་རྗེས་ས་གནས་ཀྱི་སྔོན་སློབ་དང་འཕྲོད་བསྟེན་སྨན་ཁང་གཉིས་ལ་རྟོགས་ཞིབ་གནང་བའི་གནས་སྟངས་ཁག་གཅིག་ལ་ངེས་པར་མཐུན་འགྱུར་ཚད་ལྡན་གནང་དགོས་པར་གཟིགས། དེ་རྗེས་སྦིར་ས་གནས་གཞིས་ཁག་གསུམ་གྱི་ས་འགོ་དང་ས་འཐུས་ཚོགས་གཙོ། རང་ཚོགས་ཚོགས་གཙོ་དང་ཚོགས་པའི་ཚོགས་གཙོ་བཅས་ནས་སྣེ་ལེན་དང་སྦྲགས་སྡེ་དགེ་བཟོ་གྲྭའི་ཚོགས་ཁང་ནང་ཕེབས། དེ་རྗེས་ས་གནས་འཕྲོད་བསྟེན་སྨན་ཁང་། སུ་ཇ་བོད་ཁྱིམ་གྱི་སློབ་གྲྭའི་འགན་འཛིན་དང་སློབ་སྤྱི་གཞན་ཡང་དགེ་ལས་རྣམས་དང་ཐུག་འཕྲད་གནང་བ་མ་ཟད། སུ་ཇ་བོད་ཁྱིམ་དུ་དགེ་སློབ་རྣམས་ཀྱི་ལྷན་དུ་ལྷན་ཚོགས་གནང་། ཕྱི་ཚེས་ ༡༣ ཉིན་ཤེས་རབ་གླིང་དགོན་པར་ཕེབས་རྗེས་སྦིར་བོད་ཚོགས་མི་མང་དང་ལྷན་ཚོགས་གནང་། ས་གནས་ནས་སྔ་ལོ་ཞུས་པའི་ཆུ་རག་དང་རྒྱ་ལམ་གྱི་དཀའ་ངལ་མུ་མཐུད་དེ་རང་གནས་སུ་གནས་འདུག་ན་མི་མང་ནས་མུ་མཐུད་མཐུན་སྦྱོར་ཞུ་བཞིན་ཡོད་པ་རྣམས་ལ་རྟོགས་ཞིབ་གནང་།DSC03439 DSC03539

དེ་རྗེས་ཅོན་ཏ་རའི་གཏན་སློབ་དང་ནང་ཆེན་མི་མང་ལྷན་དུ་ཚོགས་འདུ་གནང་། དེ་ནས་སྦིར་གསར་འབྱོར་ཚོགས་པའི་རྒྱུན་ལས་རྣམས་དང་ལྷན་འཛོམས་གནང་། ཕྱི་ཚེས་ ༡༤ སྔ་དྲོ་ ༩།༣༠ ནས་ ༡༢།༣༠ བར་མཆོག་གླིང་དགོན་པ་དང་ནང་ཆེན་མི་མང་ཁག་གཅིག་ལྷན་དགོན་པ་རུ་ལྷན་ཚོགས་གནང་། དེ་ནས་སྦིར་སྡེ་དགེ་གཞིས་ཆགས་ཀྱི་བཟོ་གྲའི་ཚོགས་ཁང་ནང་ཚོགས་འདུ་ཚོགས་། དེ་རྗེས་ཅོན་ཏ་ར་བོད་ཁྱིམ་དགེ་སློབ་ཀྱི་ལྷན་ཚོགས་འདུ་ཚོགས། ཕྱི་ཚེས་ ༡༥ ཉིན་རྙིང་མའི་དགོན་པ་རུ་ཚོགས་འདུ་ཚོགས། དེ་རྗེས་གཞིས་ཆགས་ཁག་བཞིའི་ས་གནས་འགོ་འཛིན་དང་། ས་འཐུས་ཚོགས་གཙོ།དགོན་པ་ཁག་གི་ཕྱག་མཛོད་རྣམ་པ། རང་ཚོགས་ཀྱི་ཚོགས་གཙོ། ཚོགས་པ་ཁག་གི་ཚོགས་གཙོ་རྣམ་པ་དང་སློབ་ཁག་འགན་འཛིན་རྣམ་པ། དེ་བཞིན་འཕྲོད་བསྟེན་སྐུ་ཚབ་དང་ས་གནས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་བཅས་ནས་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྣེ་འཁྲིད་པ་བློན་ཆེན་ཟུར་པ་སྐུ་ཞབས་ཤན་ཏ་ཀུ་མར་མཆོག་གི་གཟིམ་ཁང་དུ་མཇལ་འཕྲད་ཀྱིས་འཚམས་འདྲི་མཇལ་དར་དང་ཐུབ་དབང་གི་སྐུ་ཐང་བཅས་ཕུལ། སྐབས་དེར་ས་གནས་ནང་གི་དཀའ་ངལ་ཁག་གཅིག་ཁོང་ལ་ཡིག་ངག་གཉིས་ཐོག་ནས་ཞུས། དེ་ནས་ས་གནས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་རྒྱུན་ལས་རྣམས་དང་བོད་མིའི་ལས་ཀྱི་སྣེ་མོ་ཡོངས་བར་ཕན་ཚུན་ངོ་སྤྲོད་དང་བོད་དོན་གནས་བབ་སྙིང་བསྡུས་ཤིག་འགྲེལ་བརྗོད་དང་མ་འོངས་ལས་འགུལ་སྤེལ་ཕྱོགས་ཐོག་བཀའ་བསྡུར་གནང་། དེ་རྗེས་རྗོང་གསར་བཤད་གྲྭ་རུ་ལྷན་ཚོགས་གནང་རྗེས་པོན་ཌོ་རུ་ཕེབས་ཐོན་གནང་།DSC03454 DSC03391

ཕྱི་ཚེས ༡༦ སྔ་དྲོ་པོན་ཌོ་ནས་མཚོ་པདྨ་རུ་ཐོན་ནས་རི་ཁྲོད་ཀྱི་སྐུ་ཚབ་དང་མཚོ་པདྨ་དགོན་ཁག་དང་། དེ་བཞིན་མི་མང་ལྷན་ཚོགས་འདུ་ཚོགས། ལྷག་པར་ད་ཆ་ས་གནས་ཡུལ་མི་དང་བོད་མི་མཉམ་མཐུན་ཐོག་མཚོ་པདྨ་གཙང་བཟོ་དང་མཚོ་ནང་གི་ཉའི་ཚེ་སྲོག་སྐྱོབ་སླད་ཀྱི་ཚོགས་ཆུང་ཞིག་གསར་འཛུགས་གནང་བར་རྟོགས་ཞིབ་གནང། དེ་རྗེས་ལྡི་ལི་རུ་གཞུང་འབྲེལ་ལས་འགུལ་དང་འབྲེལ་མན་ཌི་ནས་ཐོན། ཕྱི་ཉིན་ལྡི་ལིར་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་ཉི་ཤུ་འཁོར་བའི་མཛད་སྒོའི་ནང་མཉམ་ཞུགས་གནང། ཕྱི་ཚེས་ ༡༨ ཉིན་གྱི་ཕྱི་དྲོ་ལྡི་ལི་ནས་མན་ཌིར་ཕེབས་ཐོན་གྱིས་ས་གནས་ས་གནས་སུ་འབྱོར་སྐབས་ས་གནས་འགོ་འཛིན་དང་། ས་འཐུས། རང་ཚོགས་དང་ཚོང་ལས་འཐུས་མི་བཅས་ནས་རྒྱ་གར་དབུས་གྲོས་ཚོགས་འཐུས་མི་སྐུ་ཞབས་ རམ་སུ་རུབ་མཆོག་དང་མངའ་སྡེ་གཞུང་གི་མགྲོན་ཁང་དུ་ཁོང་དང་མཇལ་འཕྲད་ཐོག་འཚམས་འདྲི་མཇལ་དར་དང་ཐུབ་དབང་གི་སྐུ་ཐང་གཅིག་ཕུལ་ཐོག་ས་གནས་མི་མང་གི་དཀའ་ངལ་ཁག་གཅིག་ཀྱང་སྙན་སེང་ཞུས། དེ་རྗེས་མན་ཌིར་ཕེབས་ནས་རྫོངས་ཀྱི་གྲོང་སྡེ་ལས་ཁུངས་ཀྱི་ཚོགས་གཙོ། བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་མཆོག་གི་ལས་ཁུངས་སུ་བཅར་ཏེ་ཁོང་གི་ཕྱག་རོགས་རྣམས་ལ་དམིགས་བསལ་ཐུགས་རྗེ་ཆེ་ཞུས། མན་ཌི་རྗོངས་ཀྱི་སྐོར་སྲུང་སྤྱི་ཁྱབ་ས་པི་ཀུ་ནལ་མཆོག་དང་མཇལ་འཕྲད་ཞུས། ཁོང་ནས་ཀྱང་བོད་མི་རྣམས་ལ་ཕྱག་རོགས་གང་ཐུབ་གནང་འདུག་པ་མ་ཟད་ཁོང་རྡ་ས་རུ་ལོ་ངོ་གསུམ་ཙམ་ཞབས་ཞུས་གནང་མྱོང་ཡོད་འདུག དེ་ནས་སྤྱི་འཐུས་ཁོང་པོན་ཌོ་བཀྲིས་གླིང་གཞིས་ཆགས་སུ་འབྱོར་སྟེ་མི་མང་ལྷན་དུ་ཚོགས་འདུ་ཚོགས། ས་གནས་བཟོ་གྲྭའི་ཚོགས་མི་ཁག་གཅིག་གི་དཀའ་ངལ་ཞུས། དེ་རྗེས་ཀུ་ལུ་རུ་འབྱོར་སྐབས་ས་གནས་འགོ་འཛིན་དང་ས་འཐུས་ཚོགས་གཙོ། རང་ཚོགས་ཚོགས་གཙོ་དང་སྤྱི་མི་བཅས་ནས་སྣེ་ལེན་ཞུས། ཕྱེད་ཡོལ་དུ་དགོན་པ་ཁག་གི་སྐུ་ཚབ་དང་ཀུ་ལུ་ས་གནས་མི་མང་ལྷན་དུ་ཚོགས་འདུ་ཚོགས། དེ་རྗེས་ཀུ་ལུ་དཔལ་རབ་གླིང་མི་མང་ལྷན་ཚོགས་འདུ་ཚོགས་རྗེས་མ་ན་ལི་མི་མང་ལྷན་དུ་ཚོགས་འདུ་ཚོགས། དེ་ནས་པ་ཀུལ་བོད་ཁྱིམ་བཟོ་རིག་དགེ་སློབ་རྣམས་དང་ཉེ་འཁོར་ས་གནས་ཁག་གཉིས་ཀྱི་མི་མང་དང་ལྷན་དུ་ཚོགས་འདུ་ཚོགས་གནང་ཡོད་པ་རེད། ཐེངས་འདིར་སྤྱི་འཐུས་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་རྒྱ་གར་བྱང་ཕྱོགས་ཁུལ་དུ་གཞུང་འབྲེལ་ལས་དོན་ཡོངས་སུ་ལེགས་གྲུབ་ཡོད་པ་དང་། མི་མང་ནས་བདེ་སྡུག་དཀའ་སེལ་ཞུས་པ་ཁག་འབྲེལ་ཡོད་ཁུངས་སོ་སོར་ཞུ་འབུལ་ཆེད་འཛིན་སྐྱོང་བཀའ་ཤག་ལ་འབུལ་ལམ་ཞུ་རྒྱུ་ཡིན་པ་བཅས་ཀྱི་གནས་བསྡུས་སུ།DSC03454 DSC03641

Menu