སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག་དང་། སྤྱི་འཐུས་དབྲ་རྩ་བསོད་ནམས་ནོར་བུ་མཆོག་རྣམ་གཉིས་ནས་ཨོ་ཌི་ཤ་ཕུན་ཚོགས་གླིང་གཞིས་ཆགས་སུ་གཞུང་འབྲེལ་འཚམས་གཟིགས་གནང་འགོ་བཙུགས་པ།

༄༅། ། སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་རྣམ་པས་མཛད་འཁུར་བཞེས་ཟིན་རྗེས། ཐོག་མར་མང་ཚོགས་ལ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་རྒྱུའི་ལས་རིམ་ཡོད་པ་ལྟར། བོད་མི་མང་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག་དང་། སྤྱི་འཐུས་དབྲ་རྩ་བསོད་ནམས་ནོར་བུ་མཆོག་རྣམ་གཉིས་ནས་ཕྱི་ལོ་ ༢༠༢༦ ཟླ་ ༨ པའི་ཚེས་ ༡༦ ཉིན་ཨོ་ཌི་ཤ་ཕུན་ཚོགས་གླིང་གཞིས་ཆགས་སུ་ཕེབས་འབྱོར་གྱིས་གཞུང་འབྲེལ་འཚམས་གཟིགས་གནང་འགོ་བཙུགས་ཡོད།

དེ་ཡང་བོད་མི་མང་སྤྱི་འཐུས་རྣམ་པ་གཉིས་ཕྱི་ཟླ་ ༨ པའི་ཚེས་ ༡༦ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡།༣༠ ཐོག་བྷུ་བྷ་ནེ་ཤི་ཝར་གནམ་ཐང་དུ་ཕེབས་འབྱོར་བྱུང་ཞིང་། སྐབས་དེར་ས་གནས་འགོ་འཛིན་ལས་ཁུངས་ཀྱི་སོ་ནམ་སློབ་སྟོན་པ་ཐུབ་བསྟན་ལགས་ཀྱིས་ཕེབས་བསུའི་སྣེ་ལེན་དང་། དེ་ནས་ཕྱི་དྲོ་ཆུ་ཚོད་ ༥།༠༠ ཐོག་ཨོ་ཌི་ཤ་ཕུན་ཚོགས་གླིང་གཞིས་ཆགས་སུ་ཕེབས་འབྱོར་སྐབས། ས་གནས་ཀྱི་གནད་ཡོད་མི་སྣ་རྣམས་ནས་མཉམ་སྦྲེལ་མགྲོན་ཁང་དུ་སྣེ་ལེན་ཕེབས་བསུ་གཟབ་རྒྱས་ཞུས་འདུག

ཕྱི་ཚེས་ ༡༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ནས་འགོ་བཙུགས་ཏེ། བོད་མི་མང་སྤྱི་འཐུས་རྣམ་གཉིས་ནས་ས་གནས་མཉམ་འབྲེལ་ལས་ཁུངས་དང༌། ས་འགོ་ལས་ཁུངས། ས་གནས་རང་བདེན་ཚོགས་ཆུང་། ས་འཐུས་ཚོགས་ཁང་། གཞིས་གྲོང་དང་པོའི་ལས་གཞི་ཁག ས་གནས་རྒས་གསོ་ཁང་། གཞིས་གྲོང་གཉིས་པ། འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་ཡན་ལག་སྨན་རྩིས་ཁང་། ས་གནས་འཕྲོད་བསྟེན་སྨན་ཁང་། བདེ་སྐྱིད་སྐྱེད་ཚལ་བྱིས་བཅོལ་ཁང་། གཞིས་གྲོང་ལྔ་པའི་ལས་གཞི་ཁག་བཅས་འཚམས་གཟིགས་དང་། སེར་བྱེས་བདེ་ཆེན་ཆོས་འཕེལ་གླིང་དགོན་པ་དང་། སྣེ་མདོ་ཨོ་རྒྱན་ཆོས་འཁོར་གླིང་གཉིས་ལ་གནས་མཇལ་འཚམས་གཟིགས་ཕེབས་འདུག

ཉིན་རྒྱབ་གཞིས་གྲོང་གསུམ་པའི་ལས་གཞི་ཁག་ལ་གཟིགས་ཞིབ་དང་། དེ་བཞིན་འདུ་འདུལ་རབ་རྟེན་གླིང་དགོན་པ་དང་། བཙུན་དགོན་ནམ་ཁ་ཁྱུང་རྫོངས། རི་དགོན་ཐུབ་བསྟན་སྨིན་སྒྲོལ་གླིང་དགོན་པ་བཅས་ལ་གནས་མཇལ་མཚམས་གཟིགས་གནང་ཡོད་པ་བཅས།