སྤྱི་འཐུས་སྨན་པ་མཁྱེན་རབ་རྒྱ་མཚོ་མཆོག་ཆབ་སྲིད་བཙོན་ཟུར་གྲྭ་བག་གྲོ་ལགས་ཀྱི་དཔེ་དེབ་སྒོ་འབྱེད་དུ་ཕེབས་པ།

༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༢༩ ཉིན་དྷ་ས་ལྷ་ཚོགས་པའི་ཚོགས་ཁང་དུ་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་སྤྱི་འཐུས་སྨན་པ་མཁྱེན་རབ་རྒྱ་མཚོ་མཆོག་གིས་ཆབ་སྲིད་བཙོན་ཟུར་གྲྭ་བག་གྲོ་ལགས་ཀྱིས་རྩོམ་སྒྲིག་གནང་བའི་ ༼འཛིན་བཟུང་༽ ཞེས་པའི་དཔེ་དེབ་ཅིག་སྒོ་འབྱེད་གནང་ཡོད། དེ་ཡང་ཐོག་མ་སྔ་དྲོ་ཕྱག་ཚོད་ ༩:༣༠ ཐོག་མཛད་སྒོ་འགོ་འཛུགས་ཀྱིས་རྩོམ་པ་པོ་ཆབ་སྲིད་བཙོན་ཟུར་གྲྭ་བག་གྲོག་ལགས་ཀྱིས་དཔེ་དེབ་དེ་ཉིད་དཔར་སྐྲུན་གྱི་དགོས་དམིགས་དང་འབྲེལ། བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་ཀྱི་དཀའ་སྡུག་སྤྱི་དང་བྱེ་བྲག་ཁོང་རྣམས་ལ་རྒྱ་གཞུང་ཉེན་རྟོག་དམག་མིས་སྡུག་སྦྱོང་མནར་གཅོད་གཏོང་ཚུལ་སོགས་ཀྱི་སྐོར་ངོ་སྤྲོད་གསུང་བཤད་གནང་།

kushokbakdo

དེ་རྗེས་སྤྱི་འཐུས་སྨན་པ་མཁྱེན་རབ་རྒྱ་མཚོ་མཆོག་ནས་དཔེ་དེབ་སྒོ་འབྱེད་དང་སྦྲགས། གྲྭ་བག་གྲོ་ལགས་མི་གཅིག་གིས་འདས་པའི་ལོ་ཤས་ནང་བོད་མིའི་རྩ་དོན་དང་འབྲེལ་བའི་རྒྱ་ནག་གཞུང་གི་དྲག་གནོན་སྲིད་བྱུས་དང་དྲག་སྤྱོད། འགྲོ་བ་མིའི་ཐོབ་ཐང་དང་རང་དབང་། ཆབ་སྲིད་བཙོན་པ་སྤྱི་དང་ལྷག་པར་དུ་མཐོང་ཐོས་མྱོང་གསུམ་གཞི་རྩར་བཞག་ནས་ད་བར་དཔེ་དེབ་ ༡༢ རྩོམ་སྒྲིག་འགྲེམས་སྤེལ་ཟིན་པ་དང་། ཐེངས་འདིར་རྒྱ་ནག་གི་སྲིད་འཛིན་ཟུར་པ་ཧོའུ་ཅིན་ཐའོ་གཙོས་རྒྱ་གཞུང་གི་དཔོན་རིགས་དྲུག་སི་པན་ཁྲིམས་ཁང་དུ་ཞུ་གཏུགས་བཅད་ཕྲར་ཁོ་བོ་འཛིན་བཟུང་ཐག་གཅོད་གནང་ཡོད་པ་དང། དེ་འབྲེལ་གྱི་བདེན་དཔང་འདྲ་པར་དང་ཡིག་ཆ། གཞན་ཡང་རྒྱལ་སྤྱིའི་གསར་ཤོག་འདྲ་མིན་ཁག་གི་ནང་ཐོན་པའི་གནས་ཚུལ་བཅས་བདེན་དཔང་སྣ་འདུས་ཀྱི་དཔེ་དེབ་ ༼འཛིན་བཟུང་༽ ཞེས་པ་རྩོམ་སྒྲིག་དཔར་བསྐྲུན་ཐུབ་པར་ཡི་རངས་བསྔགས་བརྗོད་ཞུས་གནང་ཡོད། གཞན་ཡང་བོད་ཀྱི་འདས་དང་ད་ལྟའི་དངོས་ཡོད་གནས་ཚུལ་རྣམས་དྲང་བདེན་གྱི་སྒོ་ནས་འབྲེལ་ཡོད་ཀུན་ལ་ཞུ་གཏུགས་དང་ཁྱབ་སྤེལ་ར་སྤྲོད་དགོས་གལ་ཆེན་པོ་ཆགས་ཡོད། ད་ལྟའི་ཆར་ཡང་རྒྱ་གཞུང་གི་བོད་ཐོག་གཡོན་ཐལ་ཅན་གྱི་སྲིད་བྱུས་ལག་བསྟར་འོག་བོད་མི་ཞི་རྒོལ་བ་རྣམས་ལ་རྡུང་རྡེག་ཚ་གནོན་གྱི་སྲིད་བྱུས་འགྱུར་བ་མེད་པའི་ཐོག་ནས་ཛ་དྲག་གི་གནས་ཚུལ་མུ་མཐུད་གནས་མུས་ཡིན་སྟབས། བོད་ནང་གི་ཛ་དྲག་གནས་སྟངས་ཆེད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྔ་ཕྱིར་གདུང་སེམས་མཉམ་སྐྱེད་དང་མྱ་ངན་གུས་འདུད་ཀྱི་གྲོས་གཞི་གྲོས་ཆོད་བཞག་ཡོད་པ་དང་། ཛ་དྲག་གནས་སྟངས་ལས་བསྐྱབ་ཕྱིར་བོད་རྒྱ་འབྲེལ་མོལ་གལ་ཆེ་ཡིན་སྐོར་སོགས་ཀྱི་གསུང་བཤད་སྙིང་གནང་ཡོད་པ་བཅས་ཀྱི་གནས་སྙིང་དུ།

 

 

 

Menu