སྤྱི་འཐུས་སྒྲོལ་མ་ཚེ་རིང་མཆོག་དང་སྤྱི་འཐུས་དོན་གྲུབ་བཀྲ་ཤིས་མཆོག་རྣམ་གཉིས་ནས་ལྷོ་སྤྱི་ལས་ཁུངས་ཁྱབ་ཁོངས་སུད་ཚོང་ས་གནས་ཁག་ཏུ་གཞུང་འབྲེལ་ཕྱོགས་བསྐྱོད་ལེགས་གྲུབ།

༄༅། །སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་རྣམས་བོད་མིའི་འདུ་སྡོད་གཞིས་ཆགས་ཁག་དང་། བལ་གོས་ཚོང་འདུས་ཀྱི་ས་གནས་ཁག་ལ་ཕྱོགས་བསྐྱོད་ཕེབས་རྒྱུའི་ས་བགོས་ཡོད་པ་ལྟར། སྤྱི་འཐུས་སྒྲོལ་མ་ཚེ་རིང་མཆོག་དང་སྤྱི་འཐུས་དོན་གྲུབ་བཀྲ་ཤིས་མཆོག་རྣམ་གཉིས་ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༡༢ ནས་ ༢༧ བར་ཉིན་གྲངས་ ༡༦ ཙམ་རིང་རྒྱ་གར་ལྷོ་ཕྱོགས་ལྷོ་སྤྱི་ལས་ཁུངས་ཁྱབ་ཁོངས་སུད་ཚོང་ས་གནས་ཝི་ཤ་ཀ་པཌ་ནམ་དང་།  ཝི་ཇཱ་ཡ་ཝ་ཌ། གུན་ཏུར། ཨམ་ར་ཝ་ཏི། ཝ་རན་གྷལ། ཧ་ནམ་ཀོན་ཌ། གྷོ་རྡ་ཝ་རི་ཁ་ནི།  མན་ཅི་རི་ཡལ།  ཀ་རིམ་ན་སྒར། ནི་ཛ་མ་བྷཌ། ཧེ་དར་བྷཌ། སེ་ཀུན་དར་བྷཌ་བཅས་སུད་ཚོང་ས་གནས་ཁག་བཅུ་གཅིག་ལ་གཞུང་འབྲེལ་ཕྱོགས་བསྐྱོད་ལེགས་གྲུབ་གནང་སྟེ། ཕྱི་ཚེས་ ༢༩ ཉིན་སོ་སོའི་བཞུགས་གནས་སུ་ཕེབས་འབྱོར་གནང་ཡོད་འདུག

དེ་ཡང་སྤྱི་འཐུས་སྒྲོལ་མ་ཚེ་རིང་མཆོག་ཕྱི་ཟླ་ ༡༡ ཚེས་ ༡༢ ཉིན་དགོང་དྲོ་བཞུགས་སྒར་རྡ་ས་ནས་ལྡི་ལིར་ཕེབས་ཐོན་དང་།  སྤྱི་འཐུས་དོན་གྲུབ་བཀྲ་ཤིས་མཆོག་ཕྱི་ཚེས་ ༡༣ ཉིན་སྔ་དྲོ་ལ་དྭགས་ནས་ལྡི་ལིར་ཕེབས་ཐོན་གནང་སྟེ། སྤྱི་འཐུས་རྣམ་གཉིས་ལྡི་ལིར་མཉམ་འཛོམས་བྱུང་རྗེས། ཕྱི་དྲོ་ལྡི་ལི་ནས་མཁའ་ལམ་བརྒྱུད་ཝི་ཤ་ཀ་པཌ་ནམ་ (Visakhapatnam) ལ་ཕེབས་ཐོན་གྱིས་ས་གནས་སུ་འབྱོར་སྐབས་གནམ་ཐང་དུ་ས་གནས་བོད་མི་སུད་ཚོང་བའི་འཐུས་མི་གཉིས་ནས་སྣེ་ལེན་དང་། དེ་བཞིན་གོང་འཁོད་སུད་ཚོང་ས་གནས་གཞན་ཁག་ལ་ཕེབས་སྐབས་ཀྱང་ས་གནས་བོད་མི་སུད་ཚོང་བའི་འཐུས་མི་རྣམ་པས་སྣེ་ལེན་ཞུས་གནང་འདུག

ཕྱི་ཚེས་ ༡༤ ཉིན་སྔ་དྲོ་སྤྱི་འཐུས་རྣམ་གཉིས་ནས་ཝི་ཤ་ཀ་པཌ་ནམ་སུད་ཚོང་མང་ཚོགས་འདུ་འཛོམས་ཐོག་བརྗོད་གཞི་ཆ་བགོས་ཀྱིས་གསུང་བཤད་དང་། དྲི་བ་དྲིས་ལན་གནང་རྗེས། ས་གནས་སྐོར་སྲུང་བའི་སྤྱི་ཁྱབ་གཞོན་པ་མཆོག་དང་མཇལ་འཕྲད་ཀྱིས་རྒྱ་གར་དབུས་སའི་གཞུང་མང་གཉིས་ནི་བཙན་བྱོལ་བོད་མིར་བཀའ་དྲིན་ཤིན་ཏུ་ཆེན་པོ་ཡིན་པ་དང་། ས་གནས་འདིར་ཡོད་པའི་བོད་མི་སུད་ཚོང་བ་རྣམས་ལ་སྔར་བཞིན་ཁྲོམ་སའི་ཐད་མཐུན་འགྱུར་ཡོང་བའི་འབོད་སྐུལ་ཞུས་པར་ཞལ་བཞེས་དང་།  བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲན་རྟེན་ཕྱག་རྟགས་བཅས་ཕུལ་གནང་ཡོད་འདུག ཉིན་རྒྱབ་མེ་འཁོར་བརྒྱུད་ཝི་ཇཱ་ཡ་ཝ་ཌ་ (Vijayawada) ཕྱོགས་སུ་ཕེབས་ཐོན་གནང་འདུག

ཕྱི་ཚེས་ ༡༥ ཉིན་སྔ་དྲོ་ས་གནས་ཀྱི་མངའ་སྡེའི་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་བྷོན་ཌ་ ཨུ་མ་མ་ཧི་སི་ཝ་ར་ རའོ་ (Shri Bonda Umamaheswara Rao,Former MLA) མཆོག་དང་མཇལ་འཕྲད་ཀྱིས་འཚམས་འདྲི་དང་སྦྲགས། སྐུ་ཞབས་ཁོང་གིས་ས་གནས་བོད་མི་སུད་ཚོང་བ་རྣམས་ལ་ཁྲོམ་སའི་དཀའ་ངལ་འཕྲད་སྐབས་སྔ་ཕྱི་བར་གསུམ་རོགས་རམ་གྱིས་བཀའ་དྲིན་ཤིན་ཏུ་ཆེན་པོ་གནང་བར་ཐུགས་རྗེ་ཆེ་ཞུས་གནང་འདུག  ཉིན་རྒྱབ་ས་གནས་ཀྱི་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་མ་ལ་ཌི་ ཝི་ཤི་ནུ་ (Shri Malladi Vishnu MLA from Vijayawada Central) མཆོག་མཇལ་འཕྲད་ཀྱིས་འཚམས་འདྲི་དང་སྦྲགས། ཁོང་དང་ཁོང་གི་ཆབ་སྲིད་ཚོགས་པར་རྒྱལ་ཁ་ཐོབ་པར་ལེགས་སོ་དང་། མངའ་གཞུང་འདིའི་སྐབས་ས་གནས་བོད་མི་སུད་ཚོང་གཉེར་མཁན་རྣམས་ལ་རོགས་ཕན་གང་ཐུབ་གནང་བར་ཐུགས་རྗེ་ཆེ་ཞུས་འདུག་པར། སྐུ་ཞབས་ཁོང་ནས་ཀྱང་མ་འོངས་པར་དཀའ་ངལ་ནམ་འཕྲད་སྐབས་ཁོང་ལ་འབྲེལ་བ་བྱེད་དགོས་པའི་ཞལ་བཞེས་བཟང་པོ་ཐོབ་འདུག  ཕྱི་དྲོ་ཆུ་ཚོད་ ༤ ནས་ ༦།༣༠ བར་སྤྱི་འཐུས་རྣམ་གཉིས་ནས་ (Allankara Inn) ཞེས་པའི་མགྲོན་ཁང་གི་ཚོགས་ཁང་ནང་ཝི་ཇཱ་ཡ་ཝ་ཌ་དང་། གུན་ཏུར་ (Gundur) ས་གནས་གཉིས་ཀྱི་བོད་མིའི་སུད་ཚོང་མང་ཚོགས་རྣམས་ལ་གསུང་བཤད་དང་། མི་མང་གི་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད་འདུག

ཕྱི་ཚེས་ ༡༦ ཉིན་སྔ་དྲོ་ཝི་ཇཱ་ཡ་ཝ་ཌ་གྲོང་སྡེ་ལྷན་ཚོགས་ཀྱི་སྤྱི་ཁྱབ་སྐུ་ཞབས་ཝི་ པར་ས་ན་ ཝིན་ཀ་ཊི་ཤི་ (Shri V. Prasanna Venkatesh,Municipal Commissioner of Vijayawada) མཆོག་དང་མཇལ་འཕྲད་ཀྱིས་ཐོག་མར་འཚམས་འདྲི་དང་སྦྲགས། སྤྱིར་རྒྱ་གར་གཞུང་མང་གཉིས་ནི་བོད་མི་སྐྱབས་བཅོལ་བ་ཚོར་བཀའ་དྲིན་ཤིན་ཏུ་ཆེ་བ་དང་། སྒོས་སུ་ཨནྡྲ་པར་དེ་ཤི་དང་ཏི་ལང་གྷ་ན་མངའ་སྡེ་གཉིས་ནང་ཡོད་པའི་བོད་མི་སུད་ཚོང་བ་རྣམས་ལ་དགུན་ཁ་ཟླ་བ་བཞིའི་རིང་བལ་གོས་ཚོང་ལས་གཉེར་སའི་ཁྲོམ་སའི་བཀའ་འཁྲོལ་ཐད་ཕྲན་བུའི་དཀའ་ངལ་འཕྲད་བཞིན་ཡོད་པའི་ཐོག་ཐུགས་བརྩེ་ཆེན་པོས་དགོངས་བཞེས་ཡོང་བའི་རེ་སྐུལ་ཞུས་སྐབས།  སྐུ་ཞབས་ཁོང་གིས་ཐུགས་ལྷོད་ལྷོད་ངང་གསན་བཞེས་ཀྱིས་ཁོང་གི་དྲུང་ཆེ་མཉམ་ཡོད་ལ་འདྲི་རྩད་ཀྱིས་མ་འོངས་པར་བྱ་ལམ་གྱི་ལམ་སྟོན་ཁ་གསལ་གནང་བར་ཐུགས་རྗེ་ཆེ་ཞུས་གནང་འདུག དེ་རྗེས་དཔལ་ལྡན་འབྲས་སྤུངས་དགོན་དུ་གནས་མཇལ་དུ་ཕེབས་གནང་འདུག

ཕྱི་ཚེས་ ༡༧ ཉིན་སྔ་དྲོ་ཝི་ཇཱ་ཡ་ཝ་ཌ་དང་། གུན་ཏུར་ས་གནས་བོད་མི་སུད་ཚོང་བ་རྣམས་དང་འབྲེལ་བ་ཧ་ཅང་ཡོད་པ་ས་ཏ་ཡ་ན་རྱན་པུ་རམ་ (Satyanarayanapuram) ས་ཁུལ་གྱི་སྐོར་སྲུང་སྤྱི་ཁྱབ་མཆོག་དང་མཇལ་འཕྲད་ཀྱིས་འཚམས་འདྲི་དང་སྦྲགས། ས་གནས་བོད་མི་སུད་ཚོང་བ་རྣམས་ལ་ཁྲོམ་སའི་བཀའ་འཁྲོལ་རྒྱབ་གཉེར་དུས་ཐོག་གནང་བར་ཐུགས་རྗེ་ཆེ་ཞུས་གནང་ཡོད་པ་དང་། ཉིན་རྒྱབ་མེ་འཁོར་བརྒྱུད་ཝ་རན་གྷལ་ (Warangal) དུ་ཕེབས་ཐོན་གནང་ཡོད་འདུག

ཕྱི་ཚེས་ ༡༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་སྤྱི་འཐུས་རྣམ་གཉིས་ཝ་རན་གྷལ་དང་ཧ་ནམ་ཀོན་ཌ་ས་གནས་གཉིས་ཀྱི་སུད་ཚོང་ཁྲོམ་སར་ཕེབས་འབྱོར་སྐབས། ཧོན་སུར་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་དང་གཞན་བུད་མེད་གཉིས་ནས་སྣེ་ལེན་དང་བཅས་ཁྲོམ་སར་གཟིགས་བསྐོར་དང་། ས་གནས་བོད་མིའི་སུད་ཚོང་བ་ཚང་འཛོམས་སར། སྤྱི་འཐུས་རྣམ་གཉིས་ནས་གསུང་བཤད་དང་། དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་རྗེས།

ཝ་རན་གྷལ་མངའ་སྡེའི་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་ན་རིན་དྷར་ ན་ན་པུ་ནིན་ (Shri Narendar Nannapunine,Former MLA from East Warangal) མཆོག་དང་མཇལ་འཕྲད་གནང་སྟེ། ས་གནས་བོད་མིའི་སུད་ཚོང་བ་རྣམས་ལ་མི་ལོ་ ༣༠ རིང་ཁྲོམ་སའི་དཀའ་ངལ་ནམ་འཕྲད་སྐབས་རོགས་ཕན་གང་ཐུབ་གནང་བར། བོད་མི་མང་སྤྱིི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་མཚོན་བྱེད་སྤྱི་འཐུས་ལྷན་ཚོགས་ཀྱི་དྲན་རྟེན་ཕྱག་རྟགས་ཕུལ་གནང་འདུག་པ་དང་། སྐུ་ཞབས་ཁོང་ནས་མ་འོངས་པར་དཀའ་ངལ་འཕྲད་སྐབས་གང་ཐུབ་རོགས་རམ་གནང་རྒྱུའི་ཞལ་བཞེས་གནང་འདུག  དེ་ནས་ཝ་རན་གྷལ་གྲོང་སྡེ་ལྷན་ཚོགས་ཀྱི་སྤྱི་ཁྱབ་གཞོན་པ་སྐུ་ཞབས་ཤ་ཧིདྷ་ མ་སོ་ཌི་ (Shri Shahid Masood,Additional Commissioner of Warangal Municipal Corporation) མཆོག་དང་མཇལ་འཕྲད་ཀྱིས་འཚམས་འདྲི་དང་སྦྲགས། སྤྱི་འཐུས་རྣམ་པ་ས་གནས་སུ་ཕེབས་དོན་སྐོར་དང་། ལྷག་པར་དུ་ཝ་རན་གྷལ་དང་ཧ་ནམ་ཀོན་ཌ་ས་གནས་བོད་མི་སུད་ཚོང་བ་རྣམས་ལ་སྔར་བཞིན་ཁྲོམ་ས་ཐོབ་རྒྱུར་གཟིགས་རྟོག་ཡོང་བའི་འབོད་སྐུལ་ཞུས་གནང་འདུག

ཕྱི་ཚེས་ ༡༩ ཉིན་སྔ་དྲོ་ཝ་རན་གྷལ་གྱི་གྲོང་སྡེ་སྤྱི་ཁྱབ་སྐུ་ཞབས་གྷུན་ཌ་ པར་ཀ་ཤཱི་ རའོ་ (Mayor Shri Gunda Prakash Rao) མཆོག་མཇལ་འཕྲད་ཀྱིས་མཚམས་འདྲི་དང་། སྐུ་ཞབས་ཁོང་ནས་ལྷོ་ཕྱོགས་ཀྱི་སྲོལ་རྒྱུན་བཞིན་གོས་གཟན་ (shawl) གནང་སྟེ་སྣེ་ལེན་དང་གསོལ་ཇ་བཞེས་ཏོག་བཤམས་པ་དང་། སྤྱི་འཐུས་རྣམ་པ་འདིར་ཕེབས་དགོས་དོན་སྐོར་བཀའ་འདྲི་གནང་བར་འགྲེལ་བཤད་ཞིབ་ཕྲ་དང་། དེ་བཞིན་ཁོང་གི་ཁྱིམ་དུ་གསར་འགོད་པས་དེ་ལྟར་ཕེབས་དགོས་དོན་གྱི་བཀའ་འདྲི་གནང་བ་ཁག་ལ་ལན་འདེབས་དང་། བོད་འདི་རྒྱ་དམར་གྱི་བཙན་འཛུལ་འོག་གནས་ནས་ད་བར་མི་ལོ་ཧྲིལ་པོ་ ༦༠ ཕྱིན་པའི་སྐོར་སོགས་ཞིབ་ཕྲ་ཞུས་གནང་འདུག་པ་དང་། དེ་རྗེས་ཀོང་རེ་སི་སྲིད་དོན་ཚོགས་པའི་མངའ་སྡེའི་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་བྷོ་ཌི་རེ་ཌི་ པར་པ་ཀར་ རེ་ཌི་ (Congress Former MLA Shri Boddyreddy Prabhakar Reddy) མཆོག་དང་མཇལ་འཕྲད་གནང་ཞིང་། སྐུ་ཞབས་ཁོང་ནས་སྤྱི་འཐུས་རྣམ་གཉིས་ལ་ལྷོ་ཕྱོགས་ཀྱི་ལུགས་སྲོལ་ལྟར་གོས་གཟན་ (Shawl) རེ་གནང་ནས་སྣེ་ལེན་དང་། བོད་མི་རྣམས་ཧ་ཅང་སྤྱོད་ལམ་ཡག་པོ་ཡོད་པ་དང་། ཁོང་ཉིད་རྒྱུན་ལྡན་སྲིད་དོན་ཚོགས་པ་ཚང་མའི་འཐུས་མི་དང་ལྷན་འབྲེལ་བ་དམ་ཟབ་ཡོད་པས་བོད་མིའི་ཁྲོམ་སའི་ཐད་ཀྱང་རོགས་རམ་མུ་མཐུད་གནང་ཐུབ་བཞིན་ཡོད་སྐོར། མ་འོངས་པར་ཡང་དཀའ་ངལ་བྱུང་ཚེ་ཁོང་ལ་འབྲེལ་བ་བྱེད་དགོས་པའི་ལམ་སྟོན་ཕེབས་གནང་བར་ཐུགས་རྗེ་ཆེ་ཞུས་གནང་འདུག

དེ་ཉིན་རྒྱ་གར་གྱི་སྲིད་བློན་ཟུར་པ་ལྕམ་སྐུ་ཨིན་རྡ་ར་ གྷན་དི་ (Indira Gandhi) མཆོག་གི་འཁྲུངས་ཚེས་ཡིན་སྟབས། ཝ་རན་གྷལ་ས་གནས་ཀྱི་ཀོང་རེ་སི་སྲིད་དོན་ཚོགས་པས་དམ་པ་ཁོང་གི་འཁྲུངས་སྐར་སྲུང་བརྩིའི་ཐོག་སྤྱི་འཐུས་རྣམ་གཉིས་སྐུ་མགྲོན་གཙོ་བོར་མགྲོན་འབོད་གནང་བ་ལྟར། མཛད་སྒོར་ཆེད་བཅར་གྱིས་ལྕམ་སྐུ་མཆོག་གི་སྐུ་བརྙན་ལ་མེ་ཏོག་ཕྲེང་བ་ཕུལ་བ་དང་། དེ་བཞིན་གསར་འགོད་པ་རྣམས་ཀྱི་དྲི་བར་ལན་འདེབས་ཞུས་གནང་།

ཉིན་རྒྱབ་གྷོ་རྡ་ཝ་རི་ཁ་ནི་ (Godavarikhani) ཕྱོགས་སུ་ཕེབས་ཐོན་གནང་བ་དང་། གྷོ་རྡ་ཝ་རི་ཁ་ནི་སུད་ཚོང་འཐུས་མི་རྣམ་པས་ས་གནས་གྲོང་སྡེ་ལྷན་ཚོགས་ཀྱི་སྤྱི་ཁྱབ་སྐུ་ཞབས་བྷུ་ན་གྷི་རི་ ཤི་རི་ནི་ཝ་སི་ རའོ་ (Sri Bonagiri Srinivas,Commissioner of Ramagundam Municipal Corporation) མཆོག་དང་།  སྐུ་ཞབས་ཇ་ལི་ ར་ཇ་མ་ནི་ (Shri Jali Rajamani,Mayor for Ramagundam Municipal Corporation) མཆོག ས་གནས་ཀྱི་སྐོར་སྲུང་སྤྱི་ཁྱབ་སྐུ་ཞབས་ཝི་ ས་ཏྱ་ན་ར་ཡ་ན་ (Shri V. Satyanarayana, Ramagundem Police Commissioner) མཆོག ས་གནས་ཉེན་རྟོག་དཔོན་ (Circle inspector) གྲོང་སྡེ་ལས་ཁུངས་ཀྱི་འཐུས་མི་སྐུ་ཞབས་མ་ཧ་ཀ་ལི་ སུ་ཝ་མི་ (Councillor Shri Mahakali Swami) མཆོག གླ་འཁོར་ཚོགས་པའི་སྐུ་ཚབ་སྐུ་ཞབས་གྷོ་པལ་ རའོ་དང་། གྷན་དི་ (Auto union Shri Gopal Rao and Gandhi Sir) ལགས་བཅས་འགྲོན་འབོད་གནང་བ་ལྟར། ཕྱི་དྲོ་ཆུ་ཚོད་ ༦ ཙམ་ལ་ཁོང་རྣམས་ཕེབས་སྐབས། སྤྱི་འཐུས་རྣམ་པ་གཉིས་དང་སུད་ཚོང་བ་ཐུན་མོང་ནས་ཕེབས་བསུ་ཞུས་ཏེ། ཐོག་མར་ཁོང་རྣམས་ཚང་མ་ལས་བྲེལ་ཡོད་ཀྱང་དེར་དུས་ཚོད་བཏོན་ནས་ཕེབས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་དང་སྦྲགས། སྤྱི་འཐུས་རྣམ་པ་ས་གནས་སུ་ཕེབས་དོན་སྐོར་འགྲེལ་བརྗོད་དང་། བོད་མིའི་སྒྲིག་འཛུགས་ངོ་སྤྲོད།  ས་གནས་བོད་མི་སུད་ཚོང་བ་རྣམས་ལ་སྔར་བཞིན་གཟིགས་རྟོག་ཡོང་བའི་རེ་སྐུལ་ཞུས་གནང་བར། གྲོང་སྡེ་ལྷན་ཚོགས་ཀྱི་སྤྱི་ཁྱབ་མཆོག་ནས་རྒྱ་གར་དེ་བཞིན་སྐྱབས་བཅོལ་བ་ཚང་མ་གནས་ཐུབ་པའི་ཡུལ་ཁྱད་པར་བ་ཞིག་ཡིན་པ་དང་། ཡུལ་དེ་སངས་རྒྱས་ཀྱི་འཁྲུངས་ཡུལ་དང་། ནང་པ་སངས་རྒྱས་པའི་ཆོས་ཀྱི་འབྱུང་ཁུངས་ཡང་ཡིན་པས་ཁྲིམས་དང་མཐུན་པར་གནས་ན་དཀའ་ངལ་འཕྲད་རྒྱུ་མིན་སྐོར་གསུངས་འདུག

ཕྱི་ཚེས་ ༢༠ ཉིན་གྱི་སྔ་དྲོ་གྷོ་རྡ་ཝ་རི་ཁ་ནི་བོད་མི་སུད་ཚོང་བའི་ཁྲོམ་སར་གཟིགས་བསྐོར་དང་། དེ་རྗེས་བོད་མིའི་ཁྲོམ་སའི་བདག་པོ་ངོ་མ་དང་ཁྲོམ་ས་ཆོག་མཆན་གནང་མཁན་རྡོ་སོལ་གྱི་གཏེར་ཁ་བསྔོག་འདོན་བྱེད་མཁན་གྱི་ཁེ་ལས་ (Singareni Collieries Company Ltd) ཞེས་པའི་ལས་ཁུངས་སུ་ཕེབས་ཏེ། དེ་གའི་འཛིན་སྐྱོང་འགན་འཛིན་སྐུ་ཞབས་ཀེ་ ཤི་རི་ནི་ཝ་སི་ རའོ་ (General Manager Shri K. Sreenivasa Rao) ལགས་དང་། འགན་འཛིན་གཞོན་པ། ས་ཁང་འགན་འཛིན་ (Estate Manager) བཅས་དང་མཇལ་འཕྲད་ཀྱིས་ཁོང་རྣམས་ལ་འཚམས་འདྲི་དང་། བོད་ཀྱི་ད་ལྟའི་གནས་བབ་སྐོར་དང་། བཙན་བྱོལ་བོད་མིའི་གནས་སྟངས་ལས་བལ་གོས་ཚོང་ལས་ནི་བོད་མིའི་འཚོ་རྟེན་གཉིས་པ་ལྟ་བུ་ཡིན་པས་བོད་མི་ཚོར་ཁྲོམ་ས་སྔར་བཞིན་རོགས་རམ་ཡོང་བའི་འབོད་སྐུལ་ཞུས་པར་ཞལ་བཞེས་གནང་བ་དང་། སྐབས་དེར་ས་ཁང་འགན་འཛིན་ནས་རྡོ་སོལ་བསྔོགས་འདོན་དང་འབྲེལ་བའི་ཐོག་ཁོར་ཡུག་སྲུང་སྐྱོབ་ཇི་ལྟར་གནང་ཡོད་སྐོར་འགྲེལ་བརྗོད་དང་། བཟོ་གྲྭའི་རྡོ་སོལ་གཏེར་འདོན་ས་གནས་གཉིས་ཡོད་པ་དེ་དག་དང་། བཟོ་གྲྭའི་སྣུམ་འཁོར་བཅས་ལ་གཟིགས་བསྐོར་སྣེ་འཁྲིད་གནང་འདུག

ཕྱི་ཚེས་ ༢༡ ཉིན་སྔ་དྲོ་སྤྱི་འཐུས་རྣམ་གཉིས་ནས་གྷོ་རྡ་ཝ་རི་ཁ་ནི་སུད་ཚོང་མང་ཚོགས་རྣམས་ལ་གསུང་བཤད་དང་། མི་མང་གི་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་རྗེས།  ཉིན་རྒྱབ་མན་ཅི་རི་ཡལ་གྲོང་སྡེ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ལྕམ་སྐུ་ཇི་ ས་ཝ་རུ་པ་ ར་ནི་ (Smt G. Swarupa Rani, Commissioner of Mancherial Municipal Corporation) མཆོག་མཇལ་འཕྲད་ཀྱིས་འཚམས་འདྲི་དང་སྦྲགས། བོད་མི་སུད་ཚོང་བ་རྣམས་ལ་ཁྲོམ་སའི་བཀའ་འཁྲོལ་དུས་ཐོག་ཡོང་བའི་འབོད་སྐུལ་ཞུས་པར་ཞལ་བཞེས་གནང་འདུག དེ་བཞིན་ས་གནས་བོད་མིའི་སུད་ཚོང་བའི་ཁྲོམ་ས་ཛི་ལ་ པ་རི་ཤཏ་སློབ་གྲྭའི་ (Zela Pareshad Boy’s High School) རྭ་བའི་རྩིག་པའི་འདེབས་སུ་སྟོན་བཞིན་ཡོད་སྟབས། སློབ་གྲྭའི་སློབ་སྤྱི་དང་དགེ་ཆེ་གཉིས་ལྷན་མཇལ་འཕྲད་གནང་སྟེ། བོད་མིའི་སུད་ཚོང་བའི་གནས་སྟངས་སྐོར་གསལ་བཤད་དང་ཁོང་ཚོར་རོགས་ཕན་ཡོང་བའི་རེ་བ་ཞུས་གནང་འདུག་པ་དང་།

དེ་བཞིན་མན་ཅི་རི་ཡལ་ས་གནས་ཀྱི་སྐོར་སྲུང་སྤྱི་ཁྱབ་ཕྱག་རོགས་ (Assistant Commissioner of Police) མཆོག་དང་མཇལ་འཕྲད་ཀྱིས་སྤྱི་འཐུས་གཉིས་ས་གནས་སུ་ཕེབས་དོན་སྐོར་དང་། ས་གནས་སུ་བོད་མི་སུད་ཚོང་བ་རྣམས་ལ་སྔར་བཞིན་གཟིགས་རྟོག་ཡོང་བའི་འབོད་སྐུལ་ཞུས་པར། སྐུ་ཞབས་ཁོང་ནས་ཁོང་ཉིད་མགོན་པོ་ཀླུ་སྒྲུབ་ཀྱི་ཡུལ་ནས་ཡིན་པས་བོད་མི་རྣམས་ལ་དཀའ་ངལ་ག་དུས་འཕྲད་ཀྱང་ཁོང་ལ་ཞུ་དགོས་པའི་བཀའ་མངགས་གནང་ཡོད་པ་དང་། རིམ་པས་ས་གནས་ཀྱི་ (Deputy Traffic Police Commissioner) མཆོག་དང་། སུད་ཚོང་བའི་ཁྲོམ་སའི་ས་བདག་ཡིན་ཁུལ་གྱི་བོད་མི་ཚོར་ཡང་ཡང་དཀའ་ངལ་སྤྲོད་མཁན་གྱི་དཔོན་ཆུང་ཞིག་ཡོད་འདུག་པ་བཅས་དང་སོ་སོར་མཇལ་འཕྲད་གནང་འདུག

ཕྱི་ཚེས་ ༢༢ ཉིན་སྔ་དྲོ་མན་ཅི་རི་ཡལ་ས་གནས་བོད་མིའི་སུད་ཚོང་བ་རྣམས་ཚང་འཛོམས་ཐོག་སྤྱི་འཐུས་རྣམ་གཉིས་ནས་གསུང་བཤད་དང་། མི་མང་གི་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་དང་། དེ་ནས་ར་མ་གྷུན་དམ་ས་གནས་ཀྱི་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཀོ་རུ་ཀན་ཊི་ ཅན་དར་ (Shri Korukanti Chandar,Ramagundam MLA) མཆོག་ས་གནས་སུ་མི་མང་གི་བདེ་སྡུག་གསན་བཞེས་གནང་ཡོད་པའི་སར། སྤྱི་འཐུས་རྣམ་པས་མཇལ་འཕྲད་ཀྱིས་འཚམས་འདྲི་དང་སྦྲགས། སྤྱི་འཐུས་ས་བགོས་ཕྱོགས་བསྐྱོད་ཀྱི་གལ་གནད་དང་། བོད་ཀྱི་གནས་སྟངས་སོགས་གནས་ཚུལ་སྣ་མང་ཐད་བཀའ་སྡུར་ལྷུག་པོ་གནང་རྗེས། སྐབས་དེར་འདུས་པའི་ཆབ་སྲིད་མི་སྣ་དང་ཡུལ་མི། གསར་འགོད་པ་བཅས་ནས་དོ་སྣང་དང་། ན་གཞོན་ཆབ་སྲིད་རིག་པ་སྦྱོང་མཁན་རྣམས་ནས་བོད་ཀྱི་གནད་དོན་ཐད་ཐུགས་སྣང་ཆེན་པོའི་ཐོག་དྲི་བ་གནང་བ་ཁག་ལ་སྤྱི་འཐུས་རྣམ་གཉིས་ནས་ལན་འདེབས་གསལ་བཤད་ཞུས་རྗེས། ཀ་རིམ་ན་སྒར་ (Karimnagar) ཕྱོགས་སུ་ཕེབས་ཐོན་གནང་ཡོད་འདུག

ཕྱི་ཚེས་ ༢༣ ཉིན་སྔ་དྲོ་ཀ་རིམ་ན་སྒར་མང་ཚོགས་ཁྲོམ་སའི་མདུན་དུ་སུད་ཚོང་མི་མང་ཚང་འཛོམས་ཐོག་སྤྱི་འཐུས་རྣམ་གཉིས་ནས་གསུང་བཤད་དང་། མི་མང་གི་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་རྗེས། ས་གནས་རྫོང་དཔོན་སྐུ་ཞབས་སར་ཧྥར་ཙི་ ཨ་མིཌ་ (District Collector Shri Sarfaraz Ahmed) མཆོག་དང་མཇལ་འཕྲད་ཀྱིས་ས་གནས་སུ་ཕེབས་དོན་སྐོར་སོགས་འགྲེལ་བཤད་གནང་། དེ་ནས་ས་གནས་གྲོང་སྡེ་ལྷན་ཚོགས་ཀྱི་སྤྱི་ཁྱབ་སྐུ་ཞབས་ཇི་ ཝི་ནུ་གྷོ་པལ་ རེ་ཌི་ (Shri G. Venugopal Reddy,Commissioner of Karimnagar Municipal Corporation) མཆོག་མཇལ་འཕྲད་གནང་ཞིང་། སྐབས་དེར་སྐུ་ཞབས་ཁོང་གིས་བོད་མིའི་བདེ་སྡུག་སྐོར་ལ་བཀའ་འདྲི་ཞུས་པར། ས་གནས་སུ་ཡོད་པའི་བོད་མི་སུད་ཚོང་བ་ཚོར་ལོ་ལྟར་ཁྲོམ་ས་དུས་ཐོག་བཀའ་འཁྲོལ་གནང་ཐབས་ཡོང་བའི་རེ་སྐུལ་ཞུས་སྐབས། སྐུ་ཞབས་ཁོང་གིས་དཀའ་ངལ་ནམ་འཕྲད་སྐབས་ངེས་པར་དུ་ཁོང་ཐུག་དགོས་པའི་ལམ་སྟོན་ཞལ་བཞེས་དང་།

དེ་བཞིན་ཉིན་གཅིག་གོང་བོད་མིའི་སུད་ཚོང་བའི་ཁྲོམ་སའི་ཉེ་འབྲེལ་དེར་ཡུལ་མི་ཞིག་ནས་ས་བཟུང་ཁྲོམ་ས་བཟོས་ཡོད་འདུག་པའི་གནད་དོན་དང་། ཁྲོམ་སའི་ཆེད་གློག་གི་བཀའ་འཁྲོལ་མ་ཐོབ་པའི་དཀའ་སེལ་ཡོང་བའི་རེ་སྐུལ་ཞུས་པར། གནད་དོན་དེ་དག་སེལ་ཐབས་སླད་གཤམ་འོག་ལས་བྱེད་གཏོང་རྒྱུའི་ཞལ་བཞེས་གནང་འདུག རིམ་པས་གྲོང་སྡེའི་ཉེན་རྟོག་དཔོན་ (Town Police station Sub. Inspector) དང་།  འགྲིམ་འགྲུལ་སྐོར་སྲུང་སྤྱི་ཁྱབ་ (Traffic Police Commissioner) བཅས་དང་མཇལ་འཕྲད་ཀྱིས་ཁྲོམ་ས་དང་འབྲེལ་བའི་དཀའ་སེལ་རོགས་རམ་ཡོང་རྒྱུའི་འབོད་སྐུལ་ཞུས་གནང་འདུག

ཕྱི་ཚེས་ ༢༤ ཉིན་སྔ་དྲོ་ཀ་རིམ་ན་སྒར་སུད་ཚོང་བའི་ཁྲོམ་སར་གཟིགས་ཞིབ་གནང་རྗེས། ཉིན་རྒྱབ་ནི་ཛ་མ་བྷཌ་ (Nizamabad) ཕྱོགས་སུ་ཕེབས་ཐོན་གནང་ཡོད་པ་དང་། ཕྱི་ཚེས་ ༢༥ ཉིན་སྔ་དྲོ་ནི་ཛ་མ་བྷཌ་ས་གནས་སུ་གནས་སྡོད་བོད་མི་སུད་ཚོང་བ་རྣམས་འདུ་འཛོམས་ཐོག་སྤྱི་འཐུས་རྣམ་གཉིས་ནས་གསུང་བཤད་དང་། མི་མང་གི་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད་པ་དང་། དེ་ནས་ས་གནས་རྫོང་དཔོན་སྐུ་ཞབས་ཨེམ་ ཨར་ ཨེམ་ རའོ་ (District Collector Shri. M.R.M. Rao ( I.A.S)) མཆོག་མི་མང་གི་འབོད་སྒྲ་ (Prajavaani) ཞེས་པའི་མི་མང་གི་བདེ་སྡུག་གསན་བཞེས་ཀྱི་ཉིན་མོ་ཞིག་འཁེལ་ཡོད་པའི་ཐོག་དམིགས་བསལ་མཇལ་འཕྲད་ཀྱི་དུས་ཚོད་གནང་བ་ལྟར། སྐབས་དེར་སྤྱི་འཐུས་རྣམ་པས་ནི་ཛ་མ་བྷཌ་བོད་མི་སུད་ཚོང་མང་ཚོགས་ཀྱི་ཚབ་ཞུས་ནས་ད་བར་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་དང་། མ་འོངས་པར་ཡང་ཁྲོམ་ས་དུས་ཐོག་རག་རྒྱུའི་ཐད་གཟིགས་སྐྱོང་ཡོང་བའི་འབོད་སྐུལ་ཞུས་པར། སྐུ་ཞབས་ཁོང་ནས་བོད་མི་ཚོས་ཁྲིམས་མཐུན་ལས་ཀ་བྱས་ན་དཀའ་ངལ་མི་འཕྲད་པའི་ལམ་སྟོན་ཞལ་བཞེས་བཟང་པོ་ཐོབ་འདུག སྐུ་ཞབས་ཁོང་དང་མཇལ་འཕྲད་རྗེས། གསར་འགྱུར་བརྒྱུད་ལམ་མི་འདྲ་བ་ཁག་ལྔ་ནས་ཨིན་ཇི་དང་ཧིན་རྡིའི་སྐད་ཡིག་ཐོག་བཅར་འདྲི་བྱུང་བ་ཁག་ལ་ལན་འདེབས་གསལ་བཤད་འཐུས་ཚང་གནང་ཡོད་འདུག

ཉིན་རྒྱབ་ནི་ཛ་མ་བྷཌ་སྐོར་སྲུང་སྤྱི་ཁྱབ་སྐུ་ཞབས་ཀར་ཊི་ཀེ་ཡ་ (Mr. Kartikeya, Commissioner of Police, Nizamabad) མཆོག་མཇལ་འཕྲད་གནང་ཞིང་། སྐབས་དེར་སྐུ་ཞབས་ཁོང་གིས་ཁོང་ནི་ཧི་མ་ཅལ་མངའ་སྡེ་ནས་ཡིན་པ་དང་། བོད་དང་བོད་མིའི་གནད་དོན་ཐོག་རྒྱུས་མངའ་ཡོད་པ། དེ་བཞིན་བོད་མི་སུད་ཚོང་བ་དང་འབྲེལ་བའི་གནད་དོན་ཐོག་དཀའ་ངལ་གང་འཕྲད་ཀྱང་ཁོང་ཉིད་མཇལ་བར་ཕེབས་དགོས་པ་གསུངས་པར། སྤྱི་འཐུས་རྣམ་པས་ཐུགས་རྗེ་ཆེ་ཞུས་གནང་ཡོད་འདུག  དེ་ནས་གྲོང་སྡེ་ལྷན་ཚོགས་ཀྱི་སྤྱི་ཁྱབ་སྐུ་ཞབས་ཌི་ ཇོན་ སམ་སན་ (Shri D. John Samson,Commissioner of Nizamabad Municipal Corporation) མཆོག་དང་མཇལ་འཕྲད་གནང་ཞིང་། དེའི་སྐབས་སྐུ་ཞབས་ཁོང་གིས་བོད་མི་ཚོར་གཟིགས་རྟོག་ཡག་པོ་གནང་ཡོད་པའི་འགྲེལ་བརྗོད་གནང་བར་ཐུགས་རྗེ་ཆེ་ཞུས་རྗེས། ཕྱི་དྲོ་ནི་ཛ་མ་བྷ་རྡ་ནས་སེ་ཀུན་དར་བྷཌ་ (Secunderabad) ཕྱོགས་སུ་ཕེབས་ཐོན་གནང་འདུག

ཕྱི་ཚེས་ ༢༦ ཉིན་སྔ་དྲོ་ནེ་རུ་གཙུག་ལག་སློབ་གཉེར་ཁང་ (JNU) གི་རྒྱལ་རབས་སློབ་དཔོན་དང་། བོད་ཀྱི་ཆོས་དང་རིག་གཞུང་ཐོག་ཉམས་ཞིབ་པ་སྐུ་ཞབས་ཨེམ་ ཨེན་ ར་ཇེ་ཤི་ (Dr. MN Rajesh) མཆོག་གིས་སྤྱི་འཐུས་རྣམ་པར་མཇལ་འཕྲད་གནང་སྟེ། དེང་སྐབས་རྒྱ་དམར་གཞུང་གིས་བོད་དང་བོད་མིའི་ཐད་ཞིབ་འཇུག་བྱ་རྒྱུར་དཀའ་ལས་ཁག་ཏུ་གཏོང་བཞིན་ཡོད་པ་དང་། རྒྱ་གར་ལྷོ་ཕྱོགས་ཀྱི་མེ་སོར་གཙུག་ལག་སློབ་གཉེར་ཁང་ (Mysore University) ནང་རྒྱ་རིགས་སློབ་ཕྲུག་ཕོན་ཆེན་སླེབས་བཞིན་པ། ཁོང་ཚོའི་ལས་ཀ་ནི་སློབ་སྦྱོང་གཅིག་པུའི་ཆེད་དུ་མིན་པར། རྒྱ་གར་ནང་གི་ན་གཞོན་རྣམས་རྒྱ་ནག་ཕྱོགས་སུ་ཁ་བསྒྱུར་ཐབས་ཀྱི་ལས་འགན་ཡང་ཡོད་པ། དེ་བཞིན་རྒྱ་མི་གསར་འགོད་པ་ཡིན་ཁུལ་གྱི་རྒྱ་གར་ནང་བཅར་འདྲི་བྱེད་པའི་སྐབས་རྒྱ་ནག་གི་བརྒྱུད་ལམ་གཅིག་གི་སྐོར་དང་། རྒྱ་གར་གྱི་བོད་ཐོག་འཛིན་པའི་སྲིད་བྱུས་ཁོ་ན་འདྲི་ཡི་ཡོད་པའི་གནས་སྟངས་གསལ་བཤད་བྱུང་བར། བོད་པའི་སློབ་ཕྲུག་སྐྱེད་སྲིང་དང་བོད་ཀྱི་གནད་དོན་ཐད་ཐུགས་སྣང་གནང་བར་སྐུ་ཞབས་ཁོང་ལ་ཐུགས་རྗེ་ཆེ་ཞེས་ཞུས་གནང་ཡོད་འདུག

དེ་རྗེས་ལོ་མང་རིང་བོད་མི་དང་བོད་དོན་ལ་རྒྱབ་སྐྱོར་དང་། ས་གནས་སུ་བོད་མིའི་སློབ་ཕྲུག་དང་སུད་ཚོང་བ་སུ་ལའང་དཀའ་ངལ་འཕྲད་སྐབས་དཀའ་སེལ་རོགས་རམ་རྒྱུན་དུ་གནང་མཁན་གཙོ་བོ་ཧེ་དར་བྷཌ་ (Hyderabad) གྲོང་ཁྱེར་ནང་གཏན་བཞུགས་གནང་མཁན་སྐུ་ཞབས་ཨན་ཇ་ན་ རེ་ཌི་ (Anjana Reddy) མཆོག་དང་མཇལ་འཕྲད་ཀྱིས། སྤྱི་འཐུས་རྣམ་པ་ས་གནས་སུ་ཕེབས་དོན་སྐོར་དང་། བོད་མི་མི་རེ་ངོ་རེས་མི་རིགས་ཀྱིས་བསྐུར་བའི་འགན་འཁྱེར་བར་རྒྱུན་དུ་བོད་དོན་ཐད་དོ་སྣང་དགོས་པ་འགྲེལ་བརྗོད་གནང་རྗེས། སྐུ་ཞབས་ཁོང་ནས་ལོ་རེ་བཞིན་ལམ་གཞུང་སྟེང་ཁྲོམ་སྟོན་རྒྱུ་དེ་རང་བཞིན་གྱི་དཀའ་ངལ་ཞིག་ཆགས་རྒྱུ་ཡིན་པས་བོད་མི་ཚོས་བོད་ཟས་ཀྱི་ཟ་ཁང་དེ་འདྲ་བཙུགས་ཐུབ་ན་ལེགས་ཚུལ་དང་། ལྷག་པར་བོད་པའི་གཞོན་སྐྱེས་ཚོས་ཡར་རྒྱས་ཆེན་པོ་ཕྱིན་པའི་རྒྱལ་ས་ (Hitech City) དེ་འདྲའི་ནང་ཟ་ཁང་ (Food court) ལྟ་བུ་བཙུགས་ཐུབ་ན་ལེགས་པོ་ཡོད་པའི་དགོངས་འཆར་ཕེབས་གནང་རྗེས།

སྐུ་ཞབས་ཁོང་ནས་དུས་ཡུན་རིང་པོའི་རིང་བོད་དང་བོད་དོན་ལ་རྒྱབ་སྐྱོར་གནང་བར་བཀའ་དྲིན་མཚོན་བྱེད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲན་རྟེན་ཕྱག་རྟགས་ཕུལ་གནང་ཡོད་པ་དང་། སྐུ་ཞབས་ཁོང་གིས་ཞལ་པར་བརྒྱུད་འབྲེལ་བ་གནང་བའི་ཐོག ཏི་ལང་གྷ་ན་མངའ་སྡེའི་སྐོར་སྲུང་སྤྱི་ཁྱབ་ལྕམ་སྐུ་ཨན་ཇ་ནི་ ཀུ་མར་  (Smt. Anjani Kumar,Commissioner of Police) མཆོག་དང་མཇལ་འཕྲད་གནང་སྟེ། ལྕམ་སྐུ་ཁོང་གི་བོད་ཀྱི་མི་འབོར་སྤྱི་དང་། དམིགས་བསལ་བཙན་བྱོལ་ནང་གི་བོད་མིའི་མི་འབོར། བོད་ཀྱི་ས་ཁྱོན་སོགས་ཀྱི་སྐོར་བཀའ་འདྲི་ཕེབས་པ་ཁག་ལ་ལན་འདེབས་དང་། དེ་བཞིན་ཁོང་གིས་བོད་ཀྱི་གནད་དོན་དེ་ང་ཚོའི་མི་ཚེའི་རིང་ལ་དཀའ་རྙོག་སེལ་བའི་སྨོན་འདུན་ཞུ་རྒྱུ་ཡིན་གསུངས་གནང་བར་ཐུགས་རྗེ་ཆེ་ཞུས་གནང་ཡོད་འདུག

ཉིན་རྒྱབ་ཧེ་དར་བྷཌ་བྷ་རྡ་ཤར་ཕྱོགས་ཀྱི་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་ཕྱག་རོགས་ལྕམ་སྐུ་ཨེན་ ཤི་རི་ཡ་ (Smt. N.Shreya Traffic,Assistant Commissioner of Police) མཆོག་དང་མཇལ་འཕྲད་ཀྱིས། ལྕམ་སྐུ་ཁོང་གིས་རྒྱུན་དུ་བོད་མིའི་སུད་ཚོང་བར་ཐུགས་བརྩེ་ཆེན་པོས་ཐུགས་སྣང་གྱིས་ཁྲོམ་སའི་བཀའ་འཁྲོལ་དུས་ཐོག་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་དང་། ཕྱི་དྲོ་ས་གནས་སྨན་རྩིས་ཁང་གི་ཚོགས་ཁང་དུ་ཧེ་དར་བྷཌ་དང་སེ་ཀུན་དར་བྷཌ་ས་གནས་གཉིས་ཀྱི་བོད་མི་སུད་ཚོང་བ་དང་། སྨན་རྩིས་ཁང་གི་ལས་བྱེད་རྣམ་པ། མཐོ་སློབ་ཁག་གི་སློབ་ཕྲུག བཟོ་ལས་ཁག་ནང་ལས་ཀ་བྱེད་བཞིན་པའི་བོད་རིགས་ན་གཞོན་བཅས་ཚང་འཛོམས་ཀྱིས་ཐོག་མར་ལྷོ་སྤྱི་ལས་ཁུངས་ཀྱི་དྲུང་ཆེ་དགེ་ལེགས་ལགས་ནས་སྤྱི་འཐུས་རྣམ་གཉིས་ཀྱི་ལོ་རྒྱུས་སྙིང་བསྡུས་ངོ་སྤྲོད་དང་། རིམ་པས་སྤྱི་འཐུས་རྣམ་གཉིས་ནས་གསུང་བཤད་དང་། མི་མང་གི་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་བཅས་གནང་ཡོད་འདུག

ཕྱི་ཚེས་ ༢༧ ཉིན་སྔ་དྲོ་སྤྱི་འཐུས་རྣམ་གཉིས་ནས་ལྷོ་སྤྱི་ལས་ཁུངས་ཀྱི་དྲུང་ཆེ་མཆོག་ལ་ད་རེས་ཨནྡྲ་པར་དེ་ཤི་དང་ཏི་ལང་གྷ་ན་མངའ་སྡེ་གཉིས་ནང་གི་གཞུང་འབྲེལ་ཕྱོགས་བསྐྱོད་ཀྱི་ལས་རིམ་འདིའི་ནང་ས་གནས་སོ་སོའི་ནང་ཁྲོམ་ས་ཐོབ་རྒྱུའི་དཀའ་ངལ་འདྲ་མིན་ཡོད་པ་ངོ་སྤྲོད་དང་། ས་གནས་དཔོན་རིགས་ཁག་ནས་ཁྲོམ་ས་དུས་ཐོག་ཐོབ་པའི་ཆེད་རྒྱུན་དུ་འབྲེལ་མཐུད་ཡིག་འབྲེལ་གནང་ཕྱོགས་ཀྱི་ལམ་སྟོན་ཇི་ཕེབས་གསལ་བཤད་གནང་བ་སོགས་མཐོང་ཚུལ་ཁག་འབྲེལ་ལས་ཀྱི་དགོངས་པའི་དཔྱད་གཞི་དང་མཁྱེན་རྟོགས་སླད་ཕུལ་གནང་འདུག དེ་རྗེས་ས་གནས་སུད་ཚོང་བའི་ཁྲོམ་སར་གཟིགས་ཞིབ་གནང་སྟེ། ལྷོ་སྤྱི་ལས་ཁུངས་ཀྱི་དྲུང་ཆེ་དགེ་ལེགས་ལགས་དང་། འབྲེལ་མཐུད་པ་ཚུལ་ཁྲིམས་ལགས། སུད་ཚོང་འཐུས་མི་སྐལ་བཟང་ལགས་བཅས་ནས་ཕེབས་སྐྱེལ་དང་བཅས་རྒྱལ་ས་ལྡི་ལིར་ཕེབས་ཐོན་གྱིས་དགོང་མོ་ཆུ་ཚོད་ ༩ ཙམ་ལ་ལྡི་ལིར་ཕེབས་འབྱོར་གནང་ཡོད་འདུག

གཟིགས་སྐོར་ཕྱོགས་ཕེབས་སྐབས་ས་གནས་སོ་སོའི་མི་མང་གི་བསམ་ཚུལ་བསྡུ་ལེན། ས་གནས་དཔོན་རིགས་ཁག་མཇལ་འཕྲད། མི་མང་འདུ་འཛོམས་ཐོག་སྤྱི་འཐུས་རྣམ་པ་གཉིས་ནས་གསུང་བཤད་ཐེངས་ ༨ ཙམ་གནང་ཡོད་པ་དང་། ཐེངས་འདིའི་མི་མང་འདུ་འཛོམས་སྐབས་སོ་སོར། སྤྱི་འཐུས་སྒྲོལ་མ་ཚེ་རིང་མཆོག་གིས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་དང་། དམིགས་བསལ་ཚོགས་ཆེན་སྐོར་གསུངས་གནང་བ་དང་། སྤྱི་འཐུས་དོན་གྲུབ་བཀྲ་ཤིས་མཆོག་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་། བོད་ནང་གི་ཛ་དྲག་གནས་སྟངས་སོགས་ཀྱི་ཐོག་གསུང་བཤད་དང་དྲི་བར་ལན་འདེབས་གསལ་བཤད་གནང་ཡོད་པ་དང་། དེ་བཞིན་མི་མང་དང་། ཁོངས་སོ་སོ་ནས་དཀའ་སེལ་མཇུག་སྐྱོང་དགོས་རིགས་སྙན་ཞུ་དང་། ཉམ་ཐག་གི་གནས་ཚུལ་རྒྱུས་ལོན་དང་དཀའ་སེལ་མཇུག་སྐྱོང་། མི་མང་སོགས་ཀྱི་གནས་སྟངས་ཐོག་གཟིགས་ཞིབ་ཆེད་ཕར་ཕེབས་ཚུར་འོང་ཐེ་བའི་ཉིན་གྲངས་ ༡༦ རིང་གི་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་དོན་ཡོངས་སུ་ལེགས་གྲུབ་གནང་ཡོད་པ་དང་། སྤྱི་འཐུས་རྣམ་པ་གཉིས་ས་བགོས་ལྟར་ཕྱོགས་བསྐྱོད་ཕེབས་རིང་ས་གནས་སོ་སོ་ནས་བདེ་སྡུག་ཞུས་ཁག་ལ་འབྲེལ་ཡོད་ལྷན་ཁང་སོ་སོས་དཀའ་སེལ་དགོངས་བཞེས་དང་འབྲེལ་བའི་ཕྱག་བསྟར་མཇུག་སྐྱོང་གནང་དགོས་རིགས་རྣམས་དོན་གནད་རེ་རེ་བཞིན་སྤྱི་འཐུས་རྒྱུན་ལས་བརྒྱུད་འཛིན་སྐྱོང་བཀའ་ཤག་ལ་འབུལ་ལམ་ཞུ་རྒྱུ་ཡིན་པ་བཅས། །

 

 

 

 

 

Menu