སྤྱི་འཐུས་སྒྲོལ་མ་ཚེ་རིང་མཆོག་དང་སྤྱི་འཐུས་དོན་གྲུབ་བཀྲ་ཤིས་མཆོག་རྣམ་གཉིས་ནས་རྒྱ་གར་ལྷོ་ཕྱོགས་ཧུན་སུར་རབ་རྒྱས་གླིང་གཞིས་ཆགས་སུ་གཞུང་འབྲེལ་ཕྱོགས་བསྐྱོད་ལེགས་གྲུབ་གནང་བ།

༄༅། །སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་རྣམས་བོད་མིའི་འདུ་སྡོད་གཞིས་ཆགས་ཁག་དང་། བལ་གོས་ཚོང་འདུས་ཀྱི་ས་གནས་ཁག་ལ་ཕྱོགས་བསྐྱོད་ཕེབས་རྒྱུའི་ས་བགོས་ཡོད་པ་ལྟར། སྤྱི་འཐུས་སྒྲོལ་མ་ཚེ་རིང་མཆོག་དང་སྤྱི་འཐུས་དོན་གྲུབ་བཀྲ་ཤིས་མཆོག་རྣམ་གཉིས་ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༡ ནས་ཚེས་ ༡༣ བར་རྒྱ་གར་ལྷོ་ཕྱོགས་ཧུན་སུར་རབ་རྒྱས་གླིང་གཞིས་ཆགས་སུ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ལེགས་པར་གྲུབ་སྟེ་ཕྱི་ཚེས་ ༡༦ ཉིན་བཞུགས་སྒར་རྡ་སར་ཕེབས་འབྱོར་གནང་ཡོད།

དེ་ཡང་སྤྱི་འཐུས་རྣམ་པ་གཉིས་ཕྱི་ཟླ་ ༤ ཚེས་ ༡ ཉིན་བཞུགས་སྒར་རྡ་ས་ནས་ལྡི་ལིར་ཕེབས་ཐོན་དང་། ཕྱི་ཚེས་ ༢ ཉིན་གྱི་ཕྱི་དྲོ་ལྡི་ལི་ནས་སྦེང་ལོར་བརྒྱུད་མེ་སོར་དུ་ཕེབས་ཐོན་གནང་རྗེས། ཕྱི་ཚེས་ ༣ ནས་ ༦ བར་སྒེར་གྱི་ལས་དོན་ཆེད་ཟུར་བཅད་ཞུས་གནང་ཡོད།  ཕྱི་ཚེས་ ༧ ཉིན་གྱི་ཕྱི་དྲོ་རྒྱ་གར་ལྷོ་ཕྱོགས་ཧུན་སུར་རབ་རྒྱས་གླིང་གཞིས་ཆགས་སུ་ཕེབས་འབྱོར་སྐབས། ས་འཐུས་ཚོགས་གཙོ་དང་། ས་གནས་འགོ་འཛིན་གྱིས་གཙོས་ལས་བྱེད་རྣམ་པ། རང་བདེན་ཚོགས་ཆུང་གི་ཚོགས་གཙོ་དང་ཚོགས་མི། མཉམ་འབྲེལ་གཉིས་ཀྱི་ཚོགས་གཙོ་དང་དྲུང་ཆེ། དེ་བཞིན་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་ཚོགས་གཙོ་དང་འགན་འཛིན། སྤྱི་མི་དང་བརྒྱ་དཔོན་བཅས་ནས་སྣེ་ལེན་ཕེབས་བསུ་གཟབ་རྒྱས་ཞུས་གནང་འདུག་པ་དང་། ཕྱི་ཚེས་ ༨ ནས་ ༡༣ བར་ས་གནས་དགོན་པ་དང་། སློབ་གྲྭ རྒས་གསོ་ཁང་བཅས་ལ་ཕེབས་སྐབས་ཀྱང་གནད་ཡོད་མི་སྣ་སོགས་ཀྱིས་སྣེ་ལེན་གཟབ་རྒྱས་ཞུས་འདུག

ཕྱི་ཚེས་ ༨ ཉིན་ནས་ས་གནས་ཀྱི་ལས་རིམ་དབུ་འཛུགས་ཀྱིས་ཐོག་མར་གཞིས་ཆགས་ལས་ཁུངས་དང་། མཉམ་འབྲེལ་སྡེ་ཚན་གྱི་ལས་ཁུངས། འཕྲུལ་རྨོས་སྡེ་ཚན། མཉམ་འབྲེལ་ཚོང་ཁང་བཅས་ལ་གཟིགས་སྐོར་གནང་སྟེ་གནས་སྟངས་རྒྱུས་ལོན་དང་།  དེ་རྗེས་དཔལ་ལྡན་རྫོང་དཀར་ཆོས་སྡེ་གྲྭ་ཚང་གི་འདུ་ཁང་ནང་དགེ་འདུན་འདུ་འཛོམས་ཐོག་སྤྱི་འཐུས་རྣམ་གཉིས་ནས་གསུང་བཤད་གནང་བ་དང་། དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དང་། ཨོ་རྒྱན་གླིང་གྲྭ་ཚང་བཅས་ལ་གནས་མཇལ། གུ་རུ་པུ་ར་སམ་བྷོ་ཊ་ཉིན་སློབ་ཀྱི་འཛིན་གྲྭ་རེ་རེ་བཞིན་བཅར་ཏེ་སློབ་ཕྲུག་གི་ཤེས་ཡོན་དང་ཀློག་རྩལ་རྒྱུས་ལོན།  རྒས་གསོ་ཁང་བཅས་ལ་ཕེབས་ཏེ་གནས་སྟངས་རྒྱུས་ལོན་གནང་ཡོད་འདུག

ཕྱི་ཚེས་ ༩ ཉིན་ས་གནས་ཀྱི་སྔོན་འགྲོའི་སྡེ་ཚན་ཀ་པ་དང་། སྡེ་ཚན་ཁ་པ། ས་གནས་ཀྱི་གྲོང་སྡེ་ཁག་གི་དཀའ་ངལ་ཅན་གྱི་ཁྱིམ་ཚང་རེ་རེའི་ནང་ཕེབས་ཏེ་གཟིགས་ཞིབ་ཀྱིས་གནས་སྟངས་རྒྱུས་ལོན་དང་། དེ་བཞིན་འོ་མ་མཉམ་འབྲེལ་གྱི་སྤྱི་ཡོངས་གནས་སྟངས་ཐོག་གཟིགས་ཞིབ་གནང་ཡོད་འདུག

ཕྱི་ཚེས་ ༡༠ ཉིན་གྱི་སྔ་དྲོ་གཞིས་ཆགས་ཀྱི་སྤྱི་བརྒྱ་གཉིས་ཀྱིས་གོ་སྒྲིག་ཞུས་པའི་ལྷག་དཀར་བསངས་གསོལ་ཐོག་སྤྱི་འཐུས་རྣམ་གཉིས་མགྲོན་འབོད་ལྟར་མཉམ་ཞུགས་དང་། དེ་ནས་གུ་རུ་པུར་སམ་བྷོ་ཊ་ཉིན་མོའི་སློབ་གྲྭར་ཕེབས་ཏེ་གསུང་བཤད་དང་མ་འོངས་བོད་ཀྱི་སོན་རྩ་སློབ་ཕྲུག་རྣམས་ནས་དུས་ཚོད་དམ་འཛིན་གྱིས་ཤེས་བྱའི་གནད་ལ་སྦྱང་བརྩོན་སྙིང་རུས་དགོས་པའི་ལམ་སྟོན་དང་། དགེ་ལས་རྣམས་ལ་རང་ནུས་གང་ཤེས་ཀྱིས་བོད་མི་རིགས་ཀྱི་འཐབ་རྩོད་མཇུག་སྐྱོང་ཆེད་ན་ཆུང་གཅིག་ཀྱང་འཕྲོ་བརླག་ཕྱིན་ན་མི་རིགས་ལ་གྱོང་གུན་ཡིན་པས་བྱམས་སྐྱོང་གིས་བརྩེ་སེམས་མ་དོར་བའི་ཕན་ཐབས་དགོས་པའི་ལམ་སྟོན་དང་། ཚོགས་བཅར་བའི་དྲི་བ་ཕུལ་བ་ཁག་ལ་སྤྱི་འཐུས་རྣམ་གཉིས་ཀྱིས་ལན་འདེབས་གསལ་བཤད་གནང་རྗེས། ཕན་བདེ་སྨན་ཁང་དང་། ཡན་ལག་སྨན་རྩིས་ཁང་ལ་གཟིགས་ཞིབ་གནང་ཡོད་པ་དང་།

ཉིན་རྒྱབ་ཆུ་ཚོད་ ༢ ཐོག་སྤྱི་འཐུས་རྣམ་གཉིས་དང་། ས་འཐུས་ཚོགས་གཙོས་དབུས་པའི་ས་འཐུས་རྣམ་པ་དང་། ས་གནས་འགོ་འཛིན་གྱིས་དབུས་པའི་ལས་བྱེད་རྣམ་པ། མཉམ་འབྲེལ་དྲུང་ཆེས་དབུས་པའི་ལས་བྱེད། སྨན་ཁང་ཁག་གཉིས་ཀྱི་འགན་འཛིན་གྱིས་དབུས་པའི་ལས་བྱེད་རྣམ་པ། སྤྱི་མི་གཉིས་དང་གཞིས་གྲོང་ཁག་གི་བརྒྱ་དཔོན་རྣམ་པ། ས་གནས་གཞོན་ནུ་དང་བུད་མེད་ལྷན་ཚོགས་གཉིས་ཀྱི་མི་འཐུས། རྒྱལ་ཡོངས་མང་གཙོ་ཚོགས་པའི་འབྲེལ་མཐུད་པ་བཅས་ལྷན་འཛོམས་ཀྱིས་བཞུགས་མོལ་ཚོགས་འདུ་ཞིག་ཚོགས་གནང་སྟེ། སྤྱི་འཐུས་རྣམ་གཉིས་ནས་ས་གནས་ཀྱི་བདེ་སྡུག་ཁག་ལ་གསན་ཞིབ་ཀྱིས་དོགས་འདྲི་ཁག་ལ་སྐབས་མཚམས་ལན་འདེབས་སོགས་གནང་ཡོད་འདུག

ཕྱི་ཚེས་ ༡༡ ཉིན་སྤྱི་འཐུས་རྣམ་གཉིས་ནས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་ཆེད་ཕེབས་ཀྱིས་གསུང་བཤད་གནང་རྗེས། ཉེ་འཁོར་༸རྒྱལ་བའི་ཕོ་བྲང་ལ་གནས་མཇལ་དང་། ཕྱི་དྲོ་གཞིས་གྲོང་གི་མཐའ་སྐོར་གླང་ཆེན་འགོག་ཆེད་ས་དོང་གི་གནས་སྟངས་དང་། ཞིང་ས་ཡུལ་མིར་བོགས་གཏོང་གིས་ག་སྨུག་འདེབས་པའི་གནས་སྟངས་བཅས་ལ་གཟིགས་ཞིབ་གནང་ཡོད་འདུག

ཕྱི་ཚེས་ ༡༢ ཉིན་ཧོན་སུར་མི་མང་ཚོགས་ཁང་གསར་པའི་ནང་མང་ཚོགས་འདུ་འཛོམས་སར། སྤྱི་འཐུས་རྣམ་གཉིས་ནས་དབུ་མའི་ལམ་ལ་སྦྱང་བརྩོན་གྱིས་བོད་མི་རེ་རེར་མི་རིགས་ཀྱི་བཀུར་བའི་ལས་འགན་གྲུབ་ནས་བོད་མིའི་རང་དབང་ལེན་པར་ནུས་པ་འབུང་དགོས་པ་དང་། རྒྱ་གར་མངའ་སྡེའི་གཞུང་ནས་བཀའ་དྲིན་ཆེན་པོས་གནང་བའི་ཞིང་ས་རྣམས་བོད་མིའི་སྒྲིག་འཛུགས་ཀྱི་ས་ཁང་སྒྲིག་གཞིའི་བཀོད་ཁྱབ་གཞིར་བཟུང་ངེས་པར་འདེབས་ལས་བྱེད་དགོས་པ་སོགས་གསུངས་གནང་བ་དང་།

ཉིན་རྒྱབ་གཞིས་ཆགས་ཀྱི་གཞོན་སྐྱེས་ ༣༠ ཙམ་ལ་གཞིས་ཆགས་རྒྱུན་གནས་ཐུབ་པར་ན་གཞོན་རྣམས་ནས་གཞིས་ཆགས་ནང་དོ་དབྱིངས་ཡོད་པའི་ལས་གཞི་གང་མང་སྤེལ་དགོས་གནད་དང་། དེའི་ཆེད་ནང་སྲིད་དང་དཔལ་འབྱོར་ལས་ཁུངས་ནས་སྐབས་མཚམས་གསལ་བསྒྲགས་ཁག་ལ་རང་དོན་རང་གཅེས་ཀྱིས་དོ་སྣང་གནང་དགོས་པ་མ་ཟད། ལས་འཆར་བཟོ་བཀོད་སོགས་ལ་ས་གནས་འགོ་འཛིན་ནས་རོགས་སྐྱོར་མཐུན་འགྱུར་ངེས་ཞུ་དགོས་པའི་འབོད་སྐུལ་ཡང་ཞུས་གནང་འདུག གཞན་ཡང་ཚོགས་འདུའི་ཐོག་ན་གཞོན་ཁག་ཅིག་གིས་ཚོང་ལས་དོན་གཉེར་གྱི་ཉམས་མྱོང་བརྗེ་རེས་ཀྱིས་མྱོང་ཚོར་དངོས་རྣམས་གསུངས་གནང་འདུག

གཟིགས་སྐོར་ཕྱོགས་ཕེབས་སྐབས་ས་གནས་ཀྱི་སློབ་ཕྲུག་དང་མི་མང་གི་བསམ་ཚུལ་བསྡུ་ལེན། སློབ་ཕྲུག་དང་མི་མང་འདུ་འཛོམས་ཐོག་སྤྱི་འཐུས་རྣམ་པ་གཉིས་ནས་གསུང་བཤད་ཐེངས་ ༥ དང་། བཞུགས་མོལ་ཚོགས་འདུ་ཐེངས་ ༡ ཚོགས་གནང་ཡོད་པ་དང་། ཐེངས་འདིའི་མི་མང་འདུ་འཛོམས་སྐབས་སོ་སོར། སྤྱི་འཐུས་སྒྲོལ་མ་ཚེ་རིང་མཆོག་གིས་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་མཛད་འཕྲིན་དང་། བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་དང་། སྤྱི་འཐུས་དོན་གྲུབ་བཀྲ་ཤིས་མཆོག་གིས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་དང་། གྲོས་ཚོགས་ཚོགས་དུས་ ༧ པའི་སྐབས་ཀྱི་སྔོན་རྩིས་གཏན་འབེབས་དང་འབྲེལ་བའི་སྐོར་གསུངས་གནང་ཡོད་འདུག

དེ་བཞིན་སློབ་ཕྲུག་དང། མི་མང་། ཁོངས་སོ་སོ་ནས་དཀའ་སེལ་མཇུག་སྐྱོང་དགོས་རིགས་སྙན་ཞུ་དང་། ཉམ་ཐག་གི་གནས་ཚུལ་རྒྱུས་ལོན་དང་དཀའ་སེལ་མཇུག་སྐྱོང་། དགོན་སྡེ་ཁག་དང་། མི་མང་། སློབ་གྲྭ་སོགས་ཀྱི་གནས་སྟངས་ཐོག་གཟིགས་ཞིབ་གནང་ཆེད་ཕར་ཕེབས་ཚུར་འོང་ཐེ་བའི་ཁྱོན་ཉིན་གྲངས་ ༡༢ ཙམ་གྱི་གཞུང་འབྲེལ་ཕྱོགས་བསྐྱོད་ཀྱི་ལས་དོན་ཡོངས་སུ་གྲུབ་པ་གནང་ཡོད་པ་དང་། ད་རེས་སྤྱི་འཐུས་རྣམ་གཉིས་ས་བགོས་ལྟར་ཕྱོགས་བསྐྱོད་ཕེབས་རིང་ས་གནས་ནས་བདེ་སྡུག་ཞུས་ཁག་ལ་འབྲེལ་ཡོད་ལྷན་ཁང་སོ་སོས་དཀའ་སེལ་དགོངས་བཞེས་དང་འབྲེལ་བའི་ཕྱག་བསྟར་མཇུག་སྐྱོང་གནང་དགོས་རིགས་རྣམས་དོན་གནད་རེ་རེ་བཞིན་སྤྱི་འཐུས་རྒྱུན་ལས་བརྒྱུད་འཛིན་སྐྱོང་བཀའ་ཤག་ཏུ་འབུལ་ལམ་ཞུ་རྒྱུ་ཡིིན་པ་དང་། ལྷག་པར་གཞིས་ཆགས་འོ་མ་མཉམ་འབྲེལ་གྱི་དྲུང་ཆེ་སྔོན་མར་སྤྱི་དངུལ་འབོར་ཆེན་ཐིམ་པའི་གནས་ཚུལ་དང་འབྲེལ་བའི་ཐོག སྤྱི་འཐུས་རྣམ་གཉིས་ནས་ས་གནས་འགོ་འཛིན་ལ་ས་གནས་ཀྱི་ཞིབ་འཇུག་ཚོགས་ཆུང་ཞིག་ཟུར་བཙུགས་ཀྱིས་མཉམ་དྲུང་དང་འགན་འཛིན་ལྷན་ཚོགས་དབར་བྱ་ལམ་བྱེད་བདེའི་གནང་ཕྱོགས་གཅིག་དགོས་པའི་ལམ་སྟོན་ཞུས་གནང་ཡོད་འདུག་པ་བཅས་ཀྱི་གནས་ཚུལ་སྙིང་བསྡུས་སུ། །