ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༡༢ ནས་ ༡༨ བར་བོད་མི་མང་གི་སྤྱི་འཐུས་སྒྲོལ་མ་ཚེ་རིང་མཆོག་བཞུགས་སྒར་ཉེ་ཁུལ་སྒྲོལ་མ་གླིང་དང་ནོར་བུ་གླིང་ག གྷོ་བལ་པུར། དེ་མིན་ཅན་རྡི་སྒར། མོ་ཧ་ལི་དང་ཨམ་བྷ་ལ། བ་ཊི་ཡ་ལ་། ཇ་ལན་རྡར་བཅས་སུ་ཡོད་པའི་བོད་མིའི་སུད་ཚོང་སྡེ་ཁག་དང་མཐོ་སློབ་ཁག་གི་སློབ་ཕྲུག་བཅས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་ཡོད་པ་རེད། དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་མང་གཙོའི་འཕེལ་རིམ་ནང་ཐོབ་ཐང་དང་ལས་འགན་ཟུང་དུ་སྦྲེལ་དགོས་པའི་སྐོར་དང་། བོད་ནང་གི་ཛ་དྲག་གནས་སྟངས་སྐོར་དང་དེ་ལ་གཞིགས་པས་མང་ཚོགས་ནས་འགན་འཁུར་གནང་ཕྱོགས། བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ཆབ་སྲིད་ལངས་ཕྱོགས་དབུ་མའི་ལམ་དང་གྲོས་ཚོགས་ཚོགས་དུས་ ༧།༨ པའི་ཁྲིམས་སྒྲིག་བསྐྱར་བཅོས་དང་གྲོས་ཆོས་ཁག བཙན་བྱོལ་བོད་མིའི་སྨན་བཅོས་བལྟ་སྐྱོང་ལས་གཞིའི་ནང་འཛུལ་ཞུགས་ཀྱི་ཁེ་ཕན་གསལ་བཀྲོལ་བཅས་ཀྱི་བརྗོད་གཞིའི་ཐོག་གསུང་བཤད་གནང་སྟེ་མང་ཚོགས་ནས་དོགས་འདྲི་ཞུས་པ་ཁག་ལ་ལན་འདེབས་གསལ་བཤད་མཐིལ་ཕྱིན་གནང་། སྤྱི་འཐུས་མཆོག་ནས་ཅན་རྡི་སྒར་དུ་ District Commissioner, Mr. Mohammad Shayin དང་། གྲོང་སྡེ་ལྷན་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན་ Mr. V.P.Singh (IAS officer,M.C.D.Commissioner),District Mayor, Assistant Commissioner བཅས་མཇལ་འཕྲད་གནང་བ་དང་། དེ་བཞིན་ཨམ་བྷ་ལར་ཧ་རི་ཡ་ནའི་མངའ་སྡེའི་འཕྲོད་བསྟེན་དང་ན་གཞོན་རྩེད་རིགས་བློན་ཆེན་ Mr. Anil Vij མཆོག་དང་། Secretary,M.C.D Commissioner, མངའ་སྡེའི་ DGP མཆོག པ་ཊི་ཡ་ལར་ Additional Deputy commissioner, Mr. Surendera Pal མཆོག ས་གནས་ཀྱི་ BJP ཚོགས་པའི་ཚོགས་གཙོ་དང་དྲུང་ཆེ། དེ་བཞིན་བོད་མིའི་ཁྲོམ་སའི་བདག་པོ་ Mr. Divendera Pal Singh བཅས་མཇལ་འཕྲད་ཀྱིས་འཚམས་ཞུའི་མཇལ་དར་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཕྱག་རྟགས་ཕུལ་ཏེ་སྤྱིར་རྒྱ་གར་གཞུང་དང་མི་མང་། སྒོས་སུ་པན་ཇབ་དང་ཧ་རི་ཡ་ནའི་མངའ་གཞུང་ནས་བོད་མིར་གཟིགས་སྐྱོང་གནང་བར་ཐུགས་རྗེ་ཆེ་ཞེས་གསུངས་པ་དང་སྦྲགས། བོད་མིའི་ཁྲོམ་ས་དང་ས་ཁྲལ་སོགས་དང་འབྲེལ་བའི་མང་ཚོགས་ཀྱི་བདེ་སྡུག་ཁག་སྙན་སེང་གིས་དགོངས་བཞེས་ཡོང་བའི་རེ་བསྐུལ་དང་བོད་དོན་དང་འབྲེལ་བའི་གནས་དོན་སྙིང་བསྡུས་རེའང་སྙན་གསན་ཡང་ཞུས་གནང་ཡོད།
ཉེ་ལམ་རྒྱ་གར་དབུས་གཞུང་ནས་བཙན་བྱོལ་བོད་མི་རྣམས་ལ་མཐུན་རྐྱེན་སྦྱོར་སྤྲོད་གནང་ཕྱོགས་ཀྱི་སྲིད་བྱུས་ཤིག་གཏན་འབེབས་ཡོད་པ་ལས་དཀའ་སེལ་ཡོང་རྒྱུའི་རེ་བ་ཡོད་པ་ལྟར་བོད་མི་རྣམས་ཀྱིས་ལྟོ་གོས་ཐད་དགུན་དུས་ཟླ་བ་བཞིའི་སུད་ཚོང་ལ་རག་ལུས་ཡོད་སྟབས་དཔལ་ལྡན་ནང་སྲིད་ལས་ཁུངས་ནས་རོགས་སྐྱོར་ཡོང་བའི་འབོད་བསྐུལ་སོགས་མི་མང་ནས་བདེ་སྡུག་དཀའ་སེལ་ཞུས་པ་ཁག་འབྲེལ་ཡོད་ཁུངས་སོ་སོར་ཞུ་འབུལ་ཆེད་འཛིན་སྐྱོངབཀའ་ཤག་ལ་འབུལ་ལམ་ཞུ་རྒྱུ་ཡིན་པ་བཅས་ཀྱི་གནས་བསྡུས་སུ།