ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༡ ཉིན་སྔ་དྲོ་ཚོུད་ ༩་༣༠ ཐོག་དཔལ་ལྡན་ཚོགས་གཙོ་མཆོག་དབུ་བཞུགས་ཀྱིས་གྲོས་ཚོགས་དབུ་འཛུགས་གནང་བ་དང་། དེ་ནས་སྤྱི་འཐུས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༧ པའི་ལས་བསྡོམས་དང་རྒྱབ་གཉེར་སྙན་ཐོར་བགྲོ་གླེང་འགོ་འཛུགས་གནང་ཞིང་། དེ་རྗེས་སྤྱི་འཐུས་ཐུབ་བསྟན་ལུང་རིགས་ལགས་དང་། སྤྱི་འཐུས་སྨོན་ལམ་མཐར་ཕྱིན་ལགས། སྤྱི་འཐུས་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་ལགས། སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས། སྤྱི་འཐུས་པདྨ་འབྱུང་གནས་ལགས་ཀྱིས་ཀྱང་ཆ་ཤས་བཞེས། སྤྱི་འཐུས་དགེ་བཤེས་ཨ་ཀྲུག་ཚེ་བརྟན་ལགས་ཀྱིས་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཡིག་ཆ་ཨང་ ༣༧ པ། བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་ ༩ པའི་གྲོས་ཆོད་ཨང་ ༢༠༡༥།༡༥།༩།༧ པ་དང་། ཡིག་ཆ་ཨང་ ༥༩ པ་ལྟར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་དོན་ཚན་ ༡༢༠ དང་ ༡༢༡ དགོངས་དོན་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༧ པས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་ ༢༠༡༣་་་༢༠༡༤ གཙོས་རྩིས་སྙན་ཁག་ལ་ཞིབ་འཇུག་ཞུས་པའི་སྙན་ཐོ་ཡིག་ཆ་ཨང་ ༢༧ འཁོད་པ་སྙན་སྒྲོན་ཟིན་པའི་ཐོག་བགྲོ་གླེང་ཟིན་པ་ལྟར་མཇུག་སྐྱོང་ཞུ་ཕྱོགས་ཀྱི་གྲོས་ཆོད་ཅིག་འཇོག་དགོས་པ་གཟིགས་པ་བཞིན། མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༧ པའི་རྩིས་སྙན་ཁག་ལ་ཞིབ་འཇུག་ཞུ་སྒོར་རུ་ངར་ཞིབ་ཚགས་གནང་བར་བསྔགས་བརྗོད་ཞུས་གནང་བ་སོགས་དང་། འཛིན་སྐྱོང་བཀའ་ཤག་ནས་སྙན་ཐོའི་ནང་གསལ་མུ་མཐུད་མཇུག་སྐྱོང་དགོས་ཁག་ལ་ཕྱག་བསྟར་ཇི་གནང་དང་། ལན་འདེབས་གསལ་བཤད་བཅས་ཞིབ་གསལ་འཁོད་པའི་སྙན་ཐོ་ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༣༡ ནང་ཚུད་སྤྱི་འཐུས་རྒྱུན་ལས་སུ་འབུལ་དགོས་རྒྱུའི་གྲོས་ཆོད་དེ་བཞིན་སྙན་སྒྲོན་གནང་བ་དང་། དེ་ལ་སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ཀྱིས་རྒྱབ་སྐྱོར་གནང་། དེའི་ཐོག་སྤྱི་འཐུས་བོུ་ཚེ་རིང་ལགས་དང། སྤྱི་འཐུས་བསོད་ནམས་རྒྱལ་མཚན་ལགས། སྤྱི་འཐུས་ཀརྨ་ཡེ་ཤེས་ལགས། སྤྱི་འཐུས་ག་ཟི་དགེ་བཤེས་ཚེ་རིང་པོ་ལགས། སྤྱི་འཐུས་སྒྲོལ་དཀར་སྐྱབས་ལགས་དང་། སྤྱི་འཐུས་པདྨ་འབྱུང་གནས་ལགས་བཅས་ཀྱིས་རང་གི་དགོངས་ཚུལ་གསུངས། དེ་ནས་ཡིག་ཆ་ཨང་ ༣༨ པ་སྤྱི་འཐུས་སྒེར་གྱི་གསལ་བཤད་ལ་བགྲོ་གླེང་དགོས་པའི་གྲོས་འཆར་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་ཀྱིས་གྲོས་ཚོགས་སུ་སྙན་སྒྲོན་ཞུས་པ་དང། དེར་སྤྱི་འཐུས་ཚུལ་ཁྲིམས་བསྟན་འཛིན་ལགས་ཀྱིས་རྒྱབ་སྐྱོར་གནང་། སྤྱི་འཐུས་ཐུབ་བསྟན་ལུང་རིགས་ལགས་ཀྱིས་དེའི་ཐོག་དགག་ཆ་ཕེབས་པར། ཚོགས་གཙོ་མཆོག་གིས་མང་མོས་བརྟག་སྐབས་དེ་མ་ཐོབ་པས་གཏན་འབེབས་མ་ཐུབ། དེ་ནས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བཀའ་ཤག་གི་གསལ་བཤད་ཐོག་དྲི་བ་ཕེབས་པ་རྣམས་ལ་བཀའ་ལན་དང་འགྲེལ་བརྗོད་ཞིབ་ཕྲ་གནང་།དེ་ནས་ཡིག་ཆ་ཨང་ ༣༩ པ་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་སྤྱི་ལྷན་གྲོས་ཚོགས་ཚོགས་དུས་ ༡༡ པའི་ཐོག་བཀའ་ཤག་གི་ཆབ་སྲིད་དང་། འཛིན་སྐྱོང་གི་གནད་དོན་གལ་ཆེའི་ཐོག་གསལ་བཤད་གནང་བར་སྤྱི་འཐུས་རྣམ་པས་བགྲོ་གླེང་ཞིབ་ལྷུག་གནང་བར་བཀའ་ཤག་གིས་གསལ་བཤད་གནང་བའི་དོན་གནད་རྣམས་སྤྱི་འཐུས་ལྷན་ཚོགས་ཀྱིས་བློ་ངེས་བྱུང་བའི་གྲོས་ཆོད་སྤྱི་འཐུས་ག་ཟི་ཚེ་རིང་པོ་ལགས་ཀྱིས་སྙན་སྒྲོན་གནང་བ་དང་། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་དེར་རྒྱབ་སྐྱོར་གནང་། དེ་ནས་ཚོགས་དྲུང་ནས་དགོངས་ཤོག་ཁག་སྙན་སྒྲོན་ཞུས། ཉིན་དགུང་གསོལ་ཚིགས་བར་གསེང་ཟིན་རྗེས། ཕྱི་དྲོ་ཚོུད་ ༡་༣༠ ཐོག་ཚང་འཛོམས་ཐོག་དེ་ནས་བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༣༠ ནས་ ༢༠༡༦ ཟླ་ ༥ ཚེས་ ༢༩ བར་ལས་ཡུན་ནས་ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༣༠ ནས་ ༢༠༡༦ ཟླ་ ༤ ཚེས་ ༡ བར་གྱི་ལས་བསྡོམས་ཡིག་ཆ་ཨང་ ༤༠ པ་གྲོས་ཚོགས་ཕུལ་བ་དང་། དེར་ཚོགས་གཙོས་འགྲེལ་བརྗོད་ཐུང་ཙམ་ཞིག་གནང་ཞིང་། དེ་ནས་ཚོགས་གཙོ་མཆོག་གིས་ཚོགས་གཙོའི་མཇུག་བསྡོམས་ཀྱི་གསུང་བཤད་གནང་སྟེ་སྤྱི་འཐུས་སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་ ༡༡ པ་རེ་ཞིག་གྲོལ་བའི་གསལ་བསྒྲགས་གནང་སྟེ་གྲོས་ཚོགས་ཚོགས་དུས་ ༡༡ པ་གྲོལ་བ་བཅས་ཀྱི་ལས་རིམ་ལོ་རྒྱུས་སྙིང་བསྡུས་སུ།།