སྤྱི་འཐུས་སོག་སྟོད་དངོས་གྲུབ་རྡོ་རྗེ་མཆོག་དང་སྤྱི་འཐུས་དཀོན་མཆོག་རིན་ཆེན་མཆོག་རྣམ་གཉིས་ནས་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་གཞུང་འབྲེལ་འཚམས་གཟིགས་ལེགས་གྲུབ་བྱུང་བ།


༄༅། ། སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་རྣམ་པས་མཛད་འཁུར་བཞེས་ཟིན་རྗེས། ཐོག་མར་མང་ཚོགས་ལ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་རྒྱུའི་ལས་རིམ་ཡོད་པ་ལྟར། བོད་མི་མང་སྤྱི་འཐུས་སོག་སྟོད་དངོས་གྲུབ་རྡོ་རྗེ་མཆོག་དང་སྤྱི་འཐུས་དཀོན་མཆོག་རིན་ཆེན་མཆོག་རྣམ་གཉིས་ནས་ཕྱི་ལོ་ ༢༠༢༦ ཟླ་ ༨ པའི་ཚེས་ ༣ ནས་ ༡༡ བར་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་གཞུང་འབྲེལ་འཚམས་གཟིགས་ཀྱི་ལས་རིམ་ཁག་ཡོངས་སུ་ལེགས་གྲུབ་བྱུང་ཡོད་པ་རེད།

དེ་ཡང་ཕྱི་ཚེས་ ༡༠ ཉིན་བོད་མི་མང་སྤྱི་འཐུས་རྣམ་གཉིས་ནས་ཀར་ཝར་དུ་རྫོང་དཔོན་ལྕམ་སྐུ་ལཀ་ཤི་མི་ པིར་ཡ་ (Lakshmi Priya. K.I A.S) ལགས་དང། སྐོར་སྲུང་སྤྱི་ཁྱབ་སྐུ་ཞབས་དྷི་པན་ ཨེམ་ ཨན་ (Deepan M.N.IPS) ལགས། གྲོང་སྡེའི་སྤྱི་ཁྱབ་སྐུ་ཞབས་དྷིལ་ལེ་ཤི་ ས་སི་ (Dr. Dileesh Sasi, I.A.S) ལགས་རྣམ་གསུམ་དང་མཇལ་འཕྲད་གནང་ཞིང་། སྐབས་དེར་སྤྱི་འཐུས་རྣམ་གཉིས་ནས་ད་བར་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་ཁོང་རྣམ་པས་གང་ཅིའི་ཐད་མཐུན་གྱུར་གནང་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། སླད་མར་ཡང་མུ་མཐུད་གཟིགས་པ་མི་ཆུང་བ་ཡོང་བའི་རེ་སྐུལ་ཞུས་པ་དང་སྦྲགས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཕྱག་དེབ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲན་རྟེན་ཕྱག་རྟགས་པོ་ཏ་ལའི་འདྲ་རིས་དང། ཕྱག་སྨྱུག་སོགས་ཕུལ་བར་ཐུགས་དགྱེས་མཉེས་ཆེན་པོ་བྱུང་འདུག

གནད་ཡོད་དཔོན་རིགས་མཇལ་འཕྲད་གྲུབ་མཚམས་གཞིས་ལས་ཁང་དུ་ཕྱིར་ཕེབས་ཏེ། ས་གནས་འགོ་འཛིན་དང་ས་འཐུས་ཚོགས་གཙོ་ལྷན་ཐེངས་འདིའི་ལས་རིམ་གྱི་མཇུག་བསྡོམས་སྐོར་གོ་བསྡུར་ཞུ་དགོས་ཁག་ཞུས་རྗེས། དགོང་དྲོ་ས་གནས་ཀྱི་ཚོགས་པ་ཁག་ ༢༦ གི་ཐོག་ནས་ཕྱོགས་ཕེབས་སྤྱི་འཐུས་རྣམ་པ་གཉིས་ལ་ཕེབས་སྐྱེལ་གྱི་གསོལ་སྟོན་ཞིག་བཤམས་ཏེ། ཐེངས་འདིའི་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་གཞུང་འབྲེལ་འཚམས་གཟིགས་ཀྱི་ལས་རིམ་ཁག་ཡོངས་སུ་ལེགས་གྲུབ་བྱུང་སྟེ། དགོང་དྲོ་ཧུབ་ལི་བརྒྱུད་ནས་མེ་སོར་ལ་ཕེབས་ཐོན་གནང་ཡོད་པ་བཅས།