
༄༅། །བོད་མི་མང་སྤྱི་འཐུས་སོག་སྟོད་དངོས་གྲུབ་རྡོ་རྗེ་མཆོག་དང་། སྤྱི་འཐུས་དཀོན་མཆོག་རིན་ཆེན་མཆོག་རྣམ་གཉིས་ཕྱི་ལོ་ ༢༠༢༦ ཟླ་ ༨ པའི་ཚེས་ ༣ ནས་ ༡༡ བར་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་ཡོད་པ་ལྟར། ཕྱི་ཚེས་ ༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༠༠ ནས་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དུ་མཆོད་མཇལ་དང་། དེ་བཞིན་དེ་གའི་ཚན་རིག་བསྟི་གནས་ཁང་དང་། སློབ་གྲྭ་བཅས་ལ་གཟིགས་སྐོར་ཕེབས་རྗེས། འབྲས་སྤུངས་སྒོ་མང་གྲྭ་ཚང་དང་། ས་སྐྱ་གྲྭ་ཚང་། ར་སྟོད་གྲྭ་ཚང་བཅས་ལ་མཆོད་མཇལ་དང་གཟིགས་སྐོར་ཕེབས་འདུག

ཉིན་རྒྱབ་སྤྱི་འཐུས་རྣམ་པ་གཉིས་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་དང་། ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལས་ཁུངས་སུ་གཟིགས་སྐོར་ཕེབས་ཤིང་། སྐབས་སོ་སོར་ཚོགས་པའི་རྒྱུན་ལས་རྣམས་དང་ལྷན་ཐུག་འཕྲད་ཀྱིས་ལས་དོན་གནང་ཕྱོགས་སྐོར་བཀའ་བསྡུར་ལྷུགས་པོ་གནང་བ་དང་། དེ་རྗེས་ས་སྐྱ་གྲྭ་ཚང་དང་། འབྲས་སྤུངས་ཀྱི་༧སྐྱབས་རྗེ་མཁན་རིན་པོ་ཆེ་རྣམ་པ་གཉིས་ལ་མཇལ་ཁ་ཞུས་རྗེས། རྩི་ཤིང་འདེབས་ལས་ཁང་དུ་གཟིགས་སྐོར་ཕེབས་འདུག

ཕྱི་ཚེས་ ༦ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༠༠ པའི་ཐོག་སྤྱི་འཐུས་རྣམ་གཉིས་ནས་ས་གནས་རྒན་གསོ་ཁང་དང་། ས་གནས་འཕྲོད་བསྟེན་སྨན་ཁང་བཅས་ལ་གཟིགས་སྐོར་དང་། དེ་བཞིན་བཙུན་དགོན་བྱང་ཆུབ་ཆོས་གླིང་དང་། གཞིས་གྲོང་དང་པོའི་ས་སྐྱ་དགོན་པ། རྙིང་མ་གྲྭ་ཚང་ཁག་བཅས་གསུམ་ལ་མཆོད་མཇལ་དང་གཟིགས་སྐོར་ཕེབས་ཡོད་འདུག

ཉིན་རྒྱབ་དགའ་ལྡན་ཤར་བྱང་གཉིས་ལ་མཆོད་མཇལ་དང་། དེ་རྗེས་སྤྱན་རས་གཟིགས་སློབ་གླིང་དང་། དགའ་ལྡན་བྱང་རྩེ་གྲྭ་ཚང་གི་སློབ་གྲྭ དགའ་ལྡན་ཤར་རྩེ་གྲྭ་ཚང་གི་སློབ་གྲྭ་བཅས་གསུམ་ལ་རིམ་པས་གཟིགས་སྐོར་ཕེབས་རྗེས། དགའ་ལྡན་བླ་སྤྱིའི་ཚོགས་ཁང་དུ་གདན་ས་དགའ་ལྡན་ཤར་བྱང་གཉིས་ཀྱི་ཁྲིམས་བདག་དགེ་བསྐོས་རྣམ་པ་དང་། དགའ་ལྡན་ཤར་བྱང་གཉིས་ཀྱི་ཕྱག་མཛོད། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ། ས་གནས་འགོ་འཛིན་བཅས་དབུ་བཞུགས་ཐོག བོད་མི་མང་སྤྱི་འཐུས་རྣམ་པ་གཉིས་ནས་དགའ་ལྡན་ཤར་བྱང་གཉིས་ཀྱི་གྲྭ་མང་ལ་གསུང་བཤད་གནང་ཞིང་།

དེ་ཡང་གཙོ་བོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་། བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས། བོད་དོན་དང་འབྲེལ་བའི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབས། བོད་མི་མང་སྤྱི་འཐུས་ ༡༨ པའི་གྲོས་ཚོགས་ཚོགས་དུས་དང་པོའི་གྲོས་ཆོད། ལྷག་པར་དུ་ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༢ ཉིན་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་མདུན་དུ་རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་སྟེ་འདས་གྲོངས་སུ་གྱུར་པའི་དམ་པ་ཁོང་གི་ཞལ་ཆེམས་སྐར་མ་དྲུག་ཅན་གྱི་སྐོར་བཅས་ཀྱི་ཐོག་ལ་གསུང་བཤད་དང་། དེ་བཞིན་གྲྭ་མང་གི་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད་པ་བཅས།
