སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་མཆོག་དང་། སྤྱི་འཐུས་འབུམ་རམས་པ་རིག་འཛིན་ལྷུན་གྲུབ་མཆོག་རྣམ་གཉིས་ནས་བལ་ཡུལ་སྤོག་ར་ཁྱབ་ཁོངས་གཞིས་ཆགས་ཁག་ལ་གཞུང་འབྲེལ་འཚམས་གཟིགས་ལེགས་གྲུབ་བྱུང་བ།

༄༅། །སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་རྣམ་པས་མཛད་འཁུར་བཞེས་ཟིན་རྗེས། ཐོག་མར་མང་ཚོགས་ལ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་རྒྱུའི་ལས་རིམ་ཡོད་པ་ལྟར། སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་མཆོག་དང་། སྤྱི་འཐུས་འབུམ་རམས་པ་རིག་འཛིན་ལྷུན་གྲུབ་མཆོག་རྣམ་གཉིས་ནས་ཕྱི་ལོ་ ༢༠༢༢ ཟླ་ ༡ ཚེས་ ༣ ནས་ ༡༧ བར་བལ་ཡུལ་སྤོག་ར་བཀྲ་ཤིས་དཔལ་འཁྱིལ་གླིང་དང་། སྤོག་ར་བཀྲ་ཤིས་གླིང་། གློ་སྒྲིག་ཁྱབ་ཁོངས་དཔལ་འབྱོར་གླིང་དང་། བྱམས་པ་གླིང་། བཀྲ་ཤིས་སྒང་བཅས་ལ་གཞུང་འབྲེལ་འཚམས་གཟིགས་ཀྱི་ལས་རིམ་ཁག་ལེགས་གྲུབ་བྱུང་ཡོད།

དེ་ཡང་སྤྱི་འཐུས་སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་མཆོག་ཕྱི་ཚེས་ ༢ ཉིན་གྱི་ཕྱི་དྲོ་བཞུགས་སྒར་རྡ་ས་ནས་ལྡི་ལིར་ཕེབས་ཐོན་དང་། ཕྱི་ཚེས་ ༤ ཉིན་རྒྱལ་ས་ལྡི་ལི་ནས་མཁའ་ལམ་བརྒྱུད་བལ་ཡུལ་རྒྱལ་ས་ཀཋ་མན་གྲུ་ལ་ཕེབས་ཐོན་གྱིས་ཕྱི་དྲོ་ས་གནས་སུ་འབྱོར་ཞིང་།  སྤྱི་འཐུས་འབུམ་རམས་པ་རིག་འཛིན་ལྷུན་གྲུབ་མཆོག་ཕྱི་ཚེས་ ༣ ཉིན་གྱི་སྔ་དྲོ་སྦེང་ལོར་ནས་བྷག་ཌོ་ར་བརྒྱུད་བལ་ཡུལ་རྒྱལ་ས་ཀཋ་མན་གྲུ་ལ་ཕེབས་ཐོན་གྱིས་ཕྱི་ཚེས་ ༤ ཉིན་ས་གནས་སུ་འབྱོར་བ་དང་།   ཕྱི་ཚེས་ ༥ ཉིན་སྤྱི་འཐུས་རྣམ་པ་གཉིས་རྒྱལ་ས་ཀཋ་མན་གྲུ་ནས་མཁའ་ལམ་བརྒྱུད་བལ་ཡུལ་སྤོག་ར་ཕྱོགས་སུ་ཕེབས་ཐོན་གྱིས་སྤོག་ར་གནམ་ཐང་དུ་ཕེབས་འབྱོར་མཚམས། སྤོག་ར་གཞིས་ཁག་གསུམ་གྱི་ས་གནས་འགོ་འཛིན་རྣམ་པ་དང་། ས་འཐུས་ཚོགས་གཙོ། ས་འགོ་ལས་ཁུངས་ཀྱི་ལས་བྱེད་བཅས་ནས་ཕེབས་བསུའི་སྣེ་ལེན་ཞུས་གནང་ཡོད་འདུག

ཕྱི་ཚེས་ ༦ ཉིན་ནས་ས་གནས་ཁག་གི་ལས་རིམ་དབུ་འཛུགས་ཀྱིས་ཐོག་མར་སྤྱི་འཐུས་རྣམ་པ་གཉིས་ནས་སྤོག་ར་བཀྲ་ཤིས་དཔལ་འཁྱིལ་གླིང་གཞིས་ཆགས་སུ་ཆེད་ཕེབས་ཀྱིས། ས་གནས་འགོ་འཛིན་ལས་ཁུངས་སུ་འབྱོར་མཚམས། ས་གནས་འགོ་འཛིན་ཀརྨ་བཟོད་པ་ལགས་དང་། ས་འཐུས་ཚོགས་གཙོ་གཙོས་པའི་གཞུང་འབྲེལ་མིན་པའི་འཐུས་མི་རྣམ་པས་ཕེབས་བསུའི་སྣེ་ལེན་དང་། དེ་ནས་ས་གནས་འགོ་འཛིན་དང་། ས་འཐུས་ཚོགས་གཙོ་བགྲེས་བཞོན་རྣམ་པ་གཉིས། ས་གནས་རང་བདེན་ཚོགས་གཙོ། སྤྱི་མི་བརྒྱ་དཔོན། གཞིས་དགོན་སྐུ་ཚབ། མཉམ་འབྲེལ་ཚོགས་གཙོ། གཞིས་སློབ་དགེ་ཆེ། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་རྣམས་དང་ལྷན་བཀའ་བསྡུར་དང་། ས་གནས་འགོ་འཛིན་ནས་གཞིས་ཆགས་ཀྱི་སྐོར་ངོ་སྤྲོད་ཞུས་གནང་རྗེས།

རིམ་པས། ས་འཐུས་ཚོགས་ཁང་དང་། ས་གནས་རང་བདེན་ཚོགས་ཆུང་གི་ལས་ཁུངས། མཉམ་འབྲེལ་ལས་ཁུངས། གཞིས་དགོན་བྱང་ཆུབ་གླིང་། གངས་དཀར་ཏེ་སེ་ཉིན་སློབ་དང་ཉལ་ཁང་། སྔོན་འགྲོ་སློབ་གྲྭ། ས་གནས་འཕྲོད་བསྟེན་སྨན་ཁང་བཅས་སུ་གཟིགས་སྐོར་གནང་བ་དང་།

སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་ས་གནས་ཚོགས་ཁང་བཀྲ་ཤིས་དཔལ་འབར་དུ་མི་མང་འདུ་འཛོམས་ཐོག་སྤྱི་འཐུས་རྣམ་པ་གཉིས་ནས་གསུང་བཤད་དང་། མི་མང་གི་དྲི་བ་དང་དགོངས་འཆར་ཁག་ལ་ལན་འདེབས་གསལ་བཤད་གནང་ཞིང་། ཕྱི་དྲོ་ཆུ་ཚོད་ ༥ པའི་ཐོག་ས་གནས་ཀྱི་ཤིང་འབྲས་ཁུ་བ་སོགས་ཐོན་སྐྱེད་གནང་སའི་བཟོ་ལས་ཁང་དུ་གཟིགས་སྐོར་ཕེབས་གནང་ཡོད་འདུག

ཕྱི་ཚེས་ ༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨ པའི་ཐོག་སྤྱི་འཐུས་རྣམ་པ་གཉིས་སྤོག་ར་བཀྲ་ཤིས་གླིང་གཞིས་ཆགས་སུ་ཕེབས་ཐོན་གྱིས་ས་གནས་སུ་འབྱོར་མཚམས། ས་གནས་འགོ་འཛིན་དང་། ས་འཐུས་ཚོགས་གཙོ། ས་གནས་རང་བདེན་ཚོགས་གཙོ། ཤྲཱི་དར་རྒྱས་གླིང་དགོན་པའི་སྐུ་ཚབ། བཟོ་འགོ། ཨེས་ཨོ་ཨེས་བོད་ཁྱིམ་དབུ་འཛིན། ཨེས་ཨོ་ཨེས་ལག་ཤེས་ཁང་གི་དབུ་འཛིན། སློབ་སྤྱི། སྤྱི་མི། ས་གནས་གཞོན་ནུ་དང་། བུད་མེད་ཚོགས་པའི་ཚོགས་གཙོ་བཅས་ནས་ཕེབས་བསུའི་སྣེ་ལེན་ཞུས་རྗེས།

ས་གནས་འགོ་འཛིན་ལས་ཁུངས་སུ་ས་གནས་འགོ་འཛིན་ཡེ་ཤེས་ཆོས་སྒྲོན་ལགས་ནས་གཞིས་ཆགས་ཀྱི་སྐོར་ངོ་སྤྲོད་དང་། དེ་བཞིན་ཏོག་དབྱིབས་ནད་ཡམས་སྐབས་ས་གནས་སུ་ནད་ཡམས་ལ་གདོང་ལེན་ཇི་བྱས་སྐོར་གྱི་བརྙན་ཐུང་གཟིགས་འབུལ་དང་། ལས་ཁུངས་ཁག་ངོ་སྤྲོད་གནང་རྗེས། དེ་ནས་རིམ་པས་ས་གནས་བཟོ་གྲྭ་དང་། ས་གནས་འཕྲོད་བསྟེན་སྨན་ཁང་། ཨེས་ཨོ་ཨེས་བོད་ཁྱིམ་དང་། ཨེས་ཨོ་ཨེས་ལག་ཤེས་ཁང་། ས་གནས་སྨན་རྩིས་ཁང་བཅས་ལ་གཟིགས་སྐོར་དང་། ཤྲཱི་དར་རྒྱས་གླིང་དགོན་པར་གནས་གཟིགས་བཅས་གནང་རྗེས།

ས་གནས་ཚོགས་ཁང་འདོད་རྒུ་འཁྱིལ་དུ་མི་མང་འདུ་འཛོམས་ཐོག་སྤྱི་འཐུས་རྣམ་པ་གཉིས་ནས་གསུང་བཤད་དང་། མི་མང་གི་དྲི་བ་དང་དགོངས་འཆར་ཁག་ལ་ལན་འདེབས་གསལ་བཤད་གནང་བ་དང་། དེ་བཞིན་ཨེས་ཨོ་ཨེས་མཐོ་རིམ་སློབ་གྲྭར་དགེ་སློབ་ཚང་འཛོམས་ཐོག་སྤྱི་འཐུས་རྣམ་པ་གཉིས་ནས་སློབ་གཉེར་བ་ཚོར་མི་ཚེའི་མདུན་ལམ་དང་འབྲེལ་བའི་སྐོར་གསུང་བཤད་གནང་རྗེས། སློབ་གྲྭའི་འཛིན་ཁང་སོགས་སུ་གཟིགས་སྐོར་གནང་།

ཕྱི་དྲོ་ཆུ་ཚོད་ ༥ པའི་ཐོག་ས་འཐུས་ཚོགས་ཁང་ནང་ས་འཐུས་ཚོགས་གཙོ་གཙོས་པའི་དབུས་རྒྱུན་རྣམས་དང་ལྷན་ནང་མོལ་ཚོགས་འདུ་ཞིག་ཚོགས་གནང་རྗེས། གཞིས་ཆགས་སུ་གསར་དུ་བཞེངས་པའི་སྟོན་པའི་སྐུ་བརྙན་དང་། གཞིས་གྲོང་ཁག་ལ་གཟིགས་སྐོར་ཕེབས་གནང་ཡོད་འདུག

ཕྱི་ཚེས་ ༩ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༣༠ ཐོག་སྤྱི་འཐུས་རྣམ་པ་གཉིས་གློ་སྒྲིག་བྱམས་པ་གླིང་གཞིས་ཆགས་སུ་ཕེབས་ཐོན་གྱིས་ས་གནས་སུ་འབྱོར་མཚམས། ས་གནས་འགོ་འཛིན་དང་། ས་འཐུས་ཚོགས་གཙོ། གློ་སྒྲིག་བདེ་དོན་ཚོགས་གཙོ། ས་གནས་རང་བདེན་ཚོགས་གཙོ། བརྒྱ་དཔོན། སློབ་གྲྭའི་དགེ་ཆེ། ས་གནས་གཞོན་ནུ་དང་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བཅས་ནས་ཕེབས་བསུའི་སྣེ་ལེན་ཞུས་རྗེས།

ས་གནས་འགོ་འཛིན་ལས་ཁུངས་སུ་ས་གནས་འགོ་འཛིན་ནས་གཞིས་ཆགས་ཀྱི་སྐོར་ངོ་སྤྲོད་དང་། ས་འཐུས་ཚོགས་གཙོས་གློ་སྒྲིག་འཛུགས་དང་། དེའི་ཁྱབ་ཁོངས་གཞིས་ཆགས་བྱམས་པ་གླིང་གི་བྱུང་རབས་སོགས་ངོ་སྤྲོད། གློ་སྒྲིག་བདེ་དེན་ཚོགས་གཙོས་གློ་སྒྲིག་བདེ་དོན་གྱིས་སྒྲུབ་བཞིན་པའི་ལས་དོན་སྐོར་སོགས་ངོ་སྤྲོད་སྙན་སེང་ཞུས་གནང་། དེ་ནས་རིམ་པས། ས་འཐུས་ཚོགས་ཁང་དང་། སོ་ནམ་ཞིང་ལས། གཞིས་ཆགས་ཀྱི་གྲོང་ཁྱིམ་ཁག བཀའ་འགྱུར་ལྷ་ཁང་། རྒས་གསོ་ཁང་། ས་གནས་སྨན་ཁང་། སློབ་གྲྭ་བཅས་ལ་གཟིགས་སྐོར་དང་།

དེ་བཞིན་གཞིས་དགོན་དུ་སྟག་ལུང་མ་སྤྲུལ་རིན་པོ་ཆེ་མཆོག་མཇལ་ཁ་ཞུས་པ་སྦྲགས། དགོན་པར་གཟིགས་སྐོར་ཕེབས་གནང་འདུག ཉིན་རྒྱབ་ཆུ་ཚོད་ ༡།༣༠ ནས་ ༤།༥༥ བར་ས་གནས་མི་མང་གཞིས་ཁང་དུ་མི་མང་ཚང་འཛོམས་ཐོག་སྤྱི་འཐུས་རྣམ་གཉིས་ནས་གསུང་བཤད་དང་། མི་མང་གི་དྲི་བ་དང་དགོངས་འཆར་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད་འདུག

ཕྱི་ཚེས་ ༡༠ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ པའི་ཐོག་གློ་སྒྲིག་དཔལ་འབྱོར་གླིང་གཞིས་ཆགས་སུ་ཕེབས་ཐོན་གྱིས་ས་གནས་སུ་འབྱོར་མཚམས། ཤངས་དགའ་ཆོས་མཁན་རིན་པོ་ཆེ་མཆོག་དང་། ས་གནས་འགོ་འཛིན། ས་འཐུས་ཚོགས་གཙོ། གློ་སྒྲིག་བདེ་དོན་ཚོགས་གཙོ། ས་གནས་རང་བདེན་ཚོགས་གཙོ། བརྒྱ་དཔོན། སློབ་གྲྭའི་དགེ་ཆེ། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་བཅས་ནས་ཕེབས་བསུའི་སྣེ་ལེན་ཞུས་རྗེས། ས་གནས་འགོ་འཛིན་ལས་ཁུངས་སུ་ས་གནས་འགོ་འཛིན་ནས་གཞིས་ཆགས་སྐོར་ངོ་སྤྲོད་གནང་།

དེ་ནས་རིམ་པས། ཤངས་དགའ་ཆོས་དགོན་དུ་གནས་མཇལ་དང་། ས་གནས་སློབ་གྲྭ། ས་གནས་སྨན་ཁང་། གནས་ཡུལ་གྱི་ས་ཁང་ཁྲིམས་སྒྲིག་རྐྱེན་པས་སྡོད་ཁང་བསྐྱར་གསོ་མ་ཐུབ་པར་ལུས་པའི་ས་ཁུལ། རང་བདེན་ཚོགས་ཆུང་དང་། ས་གནས་གཞོན་ནུའི་ཚོགས་ཁང་བཅས་ལ་གཟིགས་སྐོར་ཕེབས་གནང་ཡོད།

སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་གཞིས་ཆགས་ཀྱི་ཚོགས་ཁང་ནང་མི་མང་འདུ་འཛོམས་ཐོག་སྤྱི་འཐུས་རྣམ་གཉིས་ནས་གསུང་བཤད་དང་། མི་མང་གི་དྲི་བ་དང་དགོངས་འཆར་ཁག་ལ་ལན་འདེབས་གསལ་བཤད་གནང་། ཉིན་རྒྱབ་གློ་སྒྲིག་བདེ་དོན་ལས་ཁུངས་སུ་ཆེད་ཕེབས་གནང་ཞིང་། དེར་ཚོགས་པའི་ཚོགས་གཙོས་གློ་སྒྲིག་བདེ་དོན་གྱིས་སྤྱི་ཚོགས་ཞབས་ཞུའི་ལས་དོན་གནང་ཕྱོགས་སྐོར་ངོ་སྤྲོད་གནང་འདུག

ཉིན་རྒྱབ་ཆུ་ཚོད་ ༤ པའི་ཐོག་སྤྱི་འཐུས་རྣམ་པ་གཉིས་གློ་སྒྲིག་ཁྱབ་ཁོངས་བཀྲ་ཤིས་སྒང་གཞིས་ཆགས་སུ་ཕེབས་འབྱོར་གནང་ཞིང་། དེར་ས་གནས་འགོ་འཛིན་ནས་གཞིས་ཆགས་སྐོར་ངོ་སྤྲོད་དང་། ས་འཐུས་ཚོགས་གཙོས་གཞིས་ཆགས་ཀྱི་བྱུང་རབས་སྐོར་ཞིབ་ཕྲ་ངོ་སྤྲོད། སྤྱི་འཐུས་རྣམ་པ་གཉིས་ནས་མི་མང་ལ་གསུང་བཤད་དང་། དོགས་འདྲི་ཕུལ་བ་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད་འདུག བཀྲ་ཤིས་སྒང་གཞིས་ཆགས་སུ་ད་ཡོད་ཁྱིམ་ཚང་དགུ་ལས་མེད་ཀྱང་། སྤྱི་འཐུས་རྣམ་པ་གཉིས་ངོ་བཅར་ཐུབ་པར་གཞིས་མི་རྣམས་ཧ་ཅང་གི་དགའ་ཚོར་ཆེན་པོ་གནང་ཡོད་འདུག དེ་ནས་རིམ་པས། ས་སྐྱ་མ་དགོན་པདྨ་ཚལ་དགོན་པའི་མཁན་རིན་པོ་ཆེ་མཆོག་མཇལ་འཕྲད་དང་སྦྲགས། དགོན་པར་གནས་མཇལ་དང་། དཔེ་མཛོད་ཁང་དང་། སློབ་གྲྭ་བཅས་ལ་གཟིགས་སྐོར་ཕེབས་གནང་ཡོད་འདུག

གཟིགས་སྐོར་ཕྱོགས་བསྐྱོད་སྐབས་ས་གནས་སོ་སོའི་མི་མང་གི་བསམ་ཚུལ་བསྡུ་ལེན་དང་། མི་མང་འདུ་འཛོམས་ཐོག་སྤྱི་འཐུས་རྣམ་པ་གཉིས་ནས་གསུང་བཤད་ཐེངས་ ༥ ཙམ་གནང་ཡོད་པ་དང་། ཐེངས་འདིའི་མི་མང་འདུ་འཛོམས་སྐབས་སོ་སོར། སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་མཆོག་ནས་བོད་དོན་དང་འབྲེལ་བའི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབ་དང་། བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གསུང་བཤད་དང་། སྤྱི་འཐུས་འབུམ་རམས་པ་རིག་འཛིན་ལྷུན་གྲུབ་མཆོག་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་མཛད་འཕྲིན་དང་། བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་དང་པོའི་ལས་རིམ་སྐོར་བཅས་ཀྱི་ཐོག་གསུང་བཤད་གནང་ཡོད་འདུག

དེ་བཞིན་མི་མང་དང་། ཁོངས་སོ་སོ་ནས་དཀའ་སེལ་མཇུག་སྐྱོང་དགོས་རིགས་སྙན་ཞུ་དང་། ཉམ་ཐག་གི་གནས་ཚུལ་རྒྱུས་ལོན་དང་དཀའ་སེལ་མཇུག་སྐྱོང་། དགོན་སྡེ་ཁག་དང་། སློབ་གྲྭ། མི་མང་སོགས་ཀྱི་གནས་སྟངས་ཐོག་གཟིགས་ཞིབ་གནང་བ་སོགས་ལམ་འགོར་བཅས་ཁྱོན་ཉིན་གྲངས་ ༡༥ ཙམ་གྱི་གཞུང་འབྲེལ་འཚམས་གཟིགས་ཀྱི་ལས་དོན་ཡོངས་སུ་ལེགས་གྲུབ་གནང་ཡོད་པ་དང་། ད་རེས་སྤྱི་འཐུས་རྣམ་གཉིས་ས་བགོས་ལྟར་འཚམས་གཟིགས་ཕེབས་རིང་ས་གནས་སོ་སོ་ནས་བདེ་སྡུག་ཞུས་ཁག་ལ་འབྲེལ་ཡོད་ལྷན་ཁང་སོ་སོས་དཀའ་སེལ་དགོངས་བཞེས་དང་འབྲེལ་བའི་ཕྱག་བསྟར་མཇུག་སྐྱོང་གནང་དགོས་རིགས་རྣམས་དོན་གནད་རེ་རེ་བཞིན་སྤྱི་འཐུས་རྒྱུན་ལས་བརྒྱུད་འཛིན་སྐྱོང་བཀའ་ཤག་ཏུ་འབུལ་ལམ་ཞུ་རྒྱུ་ཡིན་པ་རེད།

སྤྱི་འཐུས་འབུམ་རམས་པ་རིག་འཛིན་ལྷུན་གྲུབ་མཆོག་ཕྱི་ཚེས་ ༡༦ ཉིན་བལ་ཡུལ་རྒྱལ་ས་ཀཋ་མན་གྲུ་ནས་བྷག་ཌོ་ར་བརྒྱུད་བཞུགས་གནས་སྦེང་ལོར་ལ་ཕྱིར་ཕེབས་དང་། སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་མཆོག་ཕྱི་ཚེས་ ༡༧ ཉིན་བལ་ཡུལ་རྒྱལ་ས་ཀཋ་མན་གྲུ་ནས་ལྡི་ལིར་ཕྱིར་ཕེབས་དང་། ཕྱི་ཚེས་ ༡༨ ཉིན་བཞུགས་གནས་རྡ་སར་ཕེབས་འབྱོར་གནང་ཡོད་པ་བཅས། །

Menu