༄༅། །སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་རྣམས་བོད་མིའི་འདུ་སྡོད་གཞིས་ཆགས་ཁག་ལ་ཕྱོགས་བསྐྱོད་ཕེབས་རྒྱུའི་ས་བགོས་ཡོད་པ་ལྟར། སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་མཆོག་ཕྱི་ལོ་ ༢༠༡༧ ལོའི་ཟླ་ ༧ ཚེས་ ༡༦ ནས་ཚེས་ ༢༥ བར་རྒྱ་གར་བྱང་ཕྱོགས་ཧི་མ་ཅཱལ་མངའ་སྡེའི་ནང་རྟེན་གཞི་བྱས་པའི་སྦིར་བོད་མིའི་གཞིས་ཆགས་ཁག་གསུམ་དང་། མ་ན་ལི། ཀུ་ལུ། བྷུན་ཏར་བཅས་ཀྱི་ས་གནས་ཁག་སོ་སོའི་ཁྱབ་ཁོངས་བོད་མིའི་སྡོད་སྒར་ཁག་ལ་གཞུང་འབྲེལ་ཕྱོགས་བསྐྱོད་ལེགས་པར་གྲུབ་སྟེ་ཟླ་ ༧ ཚེས་ ༢༥ ཉིན་བཞུགས་གནས་རྡ་སར་ཕེབས་འབྱོར་གནང་ཡོད་འདུག
དེ་ཡང་སྤྱི་འཐུས་མཆོག་ཕྱི་ཟླ་ ༧ ཚེས་ ༡༦ ཉིན་རྡ་ས་ནས་སྦིར་གཞིས་ཆགས་སུ་ཕེབས་ཐོན་གྱིས་ས་གནས་སུ་འབྱོར་འཕྲལ་སྦིར་གཞིས་ཁག་གསུམ་གྱི་ས་འཐུས་ཚོགས་གཙོ་དང་། སྦིར་ནང་ཆེན་ས་གནས་འགོ་འཛིན་གྱིས་སྣེ་ལེན་ཕེབས་བསུ་གནང་བ་དང་། དེ་བཞིན་མ་ན་ལི་དང་། ཀུ་ལུ། བྷུན་ཏར་ས་གནས་བཅས་སུ་ཕེབས་སྐབས་ཀྱང་ས་གནས་འགོ་འཛིན་གཙོས་མི་མང་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་གནང་ཡོད་འདུག
ཟླ་ ༧ ཚེས་ ༡༧ ཉིན་ནས་ས་གནས་ཁག་གི་ལས་རིམ་དབུ་འཛུགས་ཀྱིས་ཐོག་མར་སྦིར་སྡེ་དགེའི་ས་གནས་འགོ་འཛིན་ཁྱབ་ཁོངས་མི་མང་དང་མཇལ་འཕྲད་གནང་བ་དང་། དེ་ནས་ས་གནས་འཐུས་མིའི་ཚོགས་ཁང་། ལི་ལི་གྲོང་སྡེ། རྙིང་དགོན་དཔལ་ཡུལ་ཆོས་འཁོར་གླིང་དགོན་པར་མཆོད་མཇལ། དཔལ་རྗོང་གསར་བཤད་གྲྭ་ཆོས་ཀྱི་བློ་གྲོས། ཅོན་ཏ་ར་བོད་ཁྱིམ་སློབ་གྲྭ སྦིར་བོད་ཚོགས་ཀྱི་ཁྱབ་ཁོངས་སྦིར་སམ་བྷོ་ཊ་གཞི་རིམ་སློབ་གྲྭ སུ་ཇ་བོད་ཁྱིམ་སློབ་གྲྭ ས་གནས་འཕྲོད་བསྟེན་སྨན་ཁང་། ས་གནས་ཡན་ལག་སྨན་རྩིས་ཁང་། སྦིར་ནང་ཆེན་ས་གནས་འགོ་འཛིན་ཁྱབ་ཁོངས་ཅོན་ཏ་ར་སམ་བྷོ་ཊའི་གཞི་རིམ་སློབ་གྲྭ སྦིར་པདྨའི་ཨེ་ཝམ་ཆོས་སྒར་དགོན་པ། རྒས་གསོ་ཁང་། རིམ་བཞིན་ཀུ་ལུ་དཔལ་རབ་གླིང་བོད་མིའི་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་ལས་ཁུངས་དང་དེའི་ཁྱབ་ཁོངས་འབྲུག་བདེ་ཆེན་ཆོས་གླིང་དགོན་པ། མཉམ་མེད་དྭགས་པོ་བཤད་སྒྲུབ་གླིང་དགོན་པ། སྤང་སྒང་རི་ཁྲོད་སྔ་འགྱུར་བསམ་གཏན་ཆོས་འཁོར་གླིང་། འོན་མངའ་རིས་གྲྭ་ཚང་། རྡོ་སྦི་དཔལ་རབ་གླིང་ས་འཐུས་ཚོགས་ཁང་། ས་གནས་རང་བཙན་ཚོགས་ཆུང་ལས་ཁུངས། པ་ཏི་ཀུལ་བོད་ཁྱིམ་ལག་ཤེས་སློབ་གཉེར་ཁང་སོགས་ལ་གཟིགས་བསྐོར་གནང་བ་དང་། མི་མང་དང་སློབ་ཕྲུག་མཇལ་འཕྲད། དེ་མཚུངས་ས་གནས་ཁག་གི་གནས་སྟངས་རྒྱུས་ལོན་གནང་ཡོད་འདུག
གཟིགས་བསྐོར་ཕྱོགས་ཕེབས་སྐབས་ས་གནས་སོ་སོའི་སློབ་ཕྲུག་དང་མི་མང་གི་བསམ་ཚུལ་བསྡུ་ལེན་དང་། སློབ་ཕྲུག་དང་མི་མང་འདུ་འཛོམས་ཐོག་སྤྱི་འཐུས་མཆོག་ནས་གསུང་བཤད་ཐེངས་ ༡༤ གནང་ཡོད་པ་དང་། ཐེངས་འདིའི་སློབ་ཕྲུག་དང་མི་མང་འདུ་འཛོམས་སྐབས་སོ་སོར། སྤྱི་འཐུས་མཆོག་ནས་གཙོ་བོ་རང་ཅག་གངས་ཅན་པ་ཡོངས་ཀྱི་མགོན་སྐྱབས་བླ་ན་མ་མཆིས་པ་འཛམ་གླིང་ཞི་བདེའི་དེེད་དཔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་མཛད་རྗེས་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ལངས་ཕྱོགས། བོད་ནང་གི་ཛ་དྲག་གནས་སྟངས། བོད་ཕྱི་ནང་གཉིས་ཀྱི་གནས་བབ། བཙན་བྱོལ་བོད་མིའི་མང་གཙོའི་སྒྲོམ་གཞི་དང་འཕེལ་རིམ། དེ་བཞིན་བོད་མིའི་ལས་འགན་སོགས་ཀྱི་ཐོག་གསུང་བཤད་དང་དྲི་བར་ལན་འདེབས་གནང་འདུག ལྷག་པར་དུ་སློབ་ཕྲུག་ཚོར་དེང་གི་དུས་འདིར་ཤེས་ཡོན་ནི་གལ་ཆེ་ཡིན་སྐོར་དང་། མ་འོངས་པའི་བོད་ཀྱི་བདག་པོ་ད་ལྟའི་སློབ་ཕྲུག་རྣམས་ཡིན་པས་སློབ་ཕྲུག་ཚོས་དེང་དུས་ཀྱི་ཤེས་ཡོན་ཐོག་ལ་འབད་བརྩོན་ཧུར་ཐག་གནང་དགོས་པ་མ་ཟད་བོད་ཀྱི་སྐད་ཡིག་དང་། ཆོས། རིག་གཞུང་དེ་དག་གི་ཐོག་སྦྱང་བརྩོན་དམ་འཛིན་དམིགས་བསལ་གནང་དགོས་པ། དེ་མཚུངས་ཇི་སྲིད་བོད་ཀྱི་བདེན་མཐའ་མ་གསལ་བར་དུ་བོད་ཀྱི་འཐབ་རྩོད་དང་། བོད་མིའི་སྒྲིག་འཛུགས་རྒྱུན་འཁྱོངས་ཆེད་གཞོན་སྐྱེས་ཚོར་དམིགས་བསལ་གྱི་འགན་འཁྲི་ཡོད་པའི་སྐོར་སོགས་གསུང་བཤད་ཟབ་མོ་གནང་བར་སློབ་ཕྲུག་ཚོས་དོ་སྣང་ཆེན་པོའི་ངང་གཅིག་རྗེས་གཉིས་མཐུད་ཀྱི་དྲི་བ་གནང་བར་སྤྱི་འཐུས་མཆོག་ནས་ལན་འདེབས་གསལ་བཤད་གནང་ཡོད་འདུག
ལྷག་པར་དུ་ཐེངས་འདིའི་གཟིགས་བསྐོར་སྐབས་ཀུ་ལུ་མ་ན་ལི་ས་གནས་ཀྱི་རྗོང་དཔོན་ (Shri Rakesh Sharma ADC ) མཆོག་དང་། ས་གནས་ཀྱི་དཔོན་པོ་ (Shri Rohit Rathour SDM) མཆོག་རྣམ་གཉིས་དང་མཇལ་འཕྲད་ཀྱིས་ས་གནས་བོད་མིའི་བདེ་སྡུག་སླད་ས་གནས་འགོ་འཛིན་ལ་རྟག་ཏུ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་དང་ཆབས་ཅིག་ཀུ་ལུ་ས་གནས་སུ་རྒྱ་གར་གཞུང་ནས་གཞུང་ལམ་བཟོ་བཞིན་པའི་ལས་གཞི་དང་འབྲེལ་བའི་བོད་མིའི་སྡོད་ཁང་ཁག་ཅིག་ལ་འཕྲད་བཞིན་པའི་དཀའ་ངལ་རྣམས་སྙན་གསན་ཞུས་གནང་བ་མ་ཟད་དཀའ་ངལ་དེ་དག་སེལ་ཐབས་དང་། ས་གནས་འགོ་འཛིན་ལ་མཐུན་འགྱུར་གནང་རྒྱུའི་རེ་སྐུལ་ཡང་ཞུས་གནང་ཡོད་འདུག ཁོང་རྣམ་པས་ཀྱང་འབྱུང་འགྱུར་ས་གནས་འགོ་འཛིན་ལ་མུ་མཐུད་མཐུན་འགྱུར་རྒྱབ་སྐྱོར་གནང་རྒྱུ་དང་། ས་གནས་འགོ་འཛིིན་ནས་སྔ་རྗེས་སུ་འབད་བརྩོན་ཧུར་ཐག་གནང་བར་བསྔགས་བརྗོད་ཀྱང་ཞུས་གནང་ཡོད་འདུག
དེ་བཞིན་སློབ་ཕྲུག་དང། མི་མང་། ཁོངས་སོ་སོ་ནས་དཀའ་སེལ་མཇུག་སྐྱོང་དགོས་རིགས་སྙན་ཞུ་དང་། ཉམ་ཐག་གི་གནས་ཚུལ་རྒྱུས་ལོན་དང་དཀའ་སེལ་མཇུག་སྐྱོང་། དགོན་སྡེ་ཁག་དང་། མི་མང་། སློབ་གྲྭ མཐོ་སློབ་སོགས་ཀྱི་གནས་སྟངས་ཐོག་གཟིགས་ཞིབ་གནང་ཆེད་ཕར་ཕེབས་ཚུར་འོང་ཐེ་བའི་ཁྱོན་ཉིན་གྲངས་ ༡༠ ཙམ་གྱི་གཞུང་འབྲེལ་ཕྱོགས་བསྐྱོད་ཀྱི་ལས་དོན་ཡོངས་སུ་གྲུབ་པ་གནང་ཡོད་འདུག ད་རེས་སྤྱི་འཐུས་མཆོག་ས་བགོས་ལྟར་ཕྱོགས་བསྐྱོད་ཕེབས་རིང་ས་གནས་སོ་སོ་ནས་བདེ་སྡུག་ཞུས་ཁག་ལ་འབྲེལ་ཡོད་ལྷན་ཁང་སོ་སོས་དཀའ་སེལ་དགོངས་བཞེས་དང་འབྲེལ་བའི་ཕྱག་བསྟར་མཇུག་སྐྱོང་གནང་དགོས་རིགས་རྣམས་དོན་གནད་རེ་རེ་བཞིན་སྤྱི་འཐུས་རྒྱུན་ལས་བརྒྱུད་འཛིན་སྐྱོང་བཀའ་ཤག་ཏུ་འབུལ་ལམ་ཞུ་རྒྱུ་ཡིིན་པ་བཅས་ཀྱི་གནས་ཚུལ་སྙིང་བསྡུས་སུ།།