སྤྱི་འཐུས་རྣམ་པས་ལྡི་ལིར་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་ཤུགས་ཆེར་སྤེལ་བཞིན་པ།

༢༠༡༡།༡༠།༡༣ ཉིན་ཚོགས་གཙོ་ཚོགས་གཞོན་གཉིས་དང་། སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས། དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས། ཨ་ཀྲུག་ཚེ་བརྟན་ལགས་བཅས་སྔ་དྲོ་ལྡི་ལི་སྐུ་ཚབ་དོན་གཅོད་བསྟན་པ་ཚེ་རིང་མཆོག་དང་ལྷན་འཛོམས་གནང་སྟེ། ལྡི་ལིར་བཅའ་སྡོད་ཕྱི་རྒྱལ་གཞུང་ཚབ་ཁང་དང་། རྒྱལ་སྤྱིའི་སྒྲིག་འཛུགས་གལ་ཆེན་ཁག་གི་སྐུ་ཚབ་ལས་ཁུངས་བཅས་ལ་མཇལ་འཕྲད་གནང་ཕྱོགས་སོགས་ལ་བཀའ་བསྡུར་གནང་བ་དང་། ཕྱི་དྲོ་ཚོགས་གཙོ་བགྲེས་གཞོན་གཙོས་པའི་གོང་གསལ་སྤྱི་འཐུས་རྣམས་དང་སྤྱི་འཐུས་ཆོས་སྐྱོང་དབང་ཕྱུག་ལགས་བཅས་བོད་སྒར་བསམ་ཡས་གླིང་དུ་ཆེད་ཕེབས་ཀྱིས། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ལས་སྣེ་ལྷན་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་གྱི་གྲ་སྒྲིག་ཞུ་སྒོ་དང་ས་གནས་ནས་མཐུན་འགྱུར་དགོས་རིགས་ལ་གོ་བསྡུར་ལམ་སྟོན་གནང་།

ཕྱི་ཚེས་ ༡༤ སྔ་དྲོ་ཚོགས་གཙོ་བགྲེས་གཞོན་གྱིས་སྣེ་ཁྲིད་པའི་ཚོགས་ཆུང་ནས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་མི་ཁག་ཅིག་ལྷན་ཚོགས་འདུ་དང་། སྤྱི་འཐུས་གཡུ་སྒྲོན་དབུ་དཀར་ལྷན་གསར་འགོད་འབྲེལ་མཐུད་ཀྱི་ཞུ་སྒོར་གོ་བསྡུར་གནང་།

ཕྱི་ཚེས་ ༡༤ ཉིན་ཚོགས་གཙོ་མཆོག་དང། སྨོན་ལམ་མཐར་ཕྱིན་ལགས། ཟླ་བ་ཕུན་སྐྱིད་ལགས། སྨན་པ་མཁྱེན་རབ་རྒྱ་མཚོ་ལགས་བཅས་ཨི་ཊ་ལི་གཞུང་ཚབ་གཞོན་པ་དང། བྷེལ་ཇམ་གཞུང་ཚབ་གཞོན་པ་དང་། ཆབ་སྲིད་དྲུང་ཆེ་བཅས་པར་མཇལ་འཕྲད་གནང་སྟེ། ཉེ་ལམ་བོད་ནང་བོད་རིགས་གཞོན་སྐྱེས་ཚོས་གཅིག་མཇུག་གཉིས་མཐུད་དུ་རང་ལུས་ཞུགས་འབུལ་གྱི་ལས་འགུལ་སྤེལ་བཞིན་པའི་སྐོར་ལ་ངོ་སྤྲོད་གསལ་བཤད་གནང་བ་དང་། གཞུང་ཚབ་མི་སྣས་དོན་གནད་དེའི་སྐོར་སོ་སོའི་གཞུང་གི་འབྲེལ་ཡོད་ལས་ཁུངས་ལ་གོ་བརྡ་འཕྲོད་ངེས་སྙན་གསན་ཞུ་རྒྱུའི་ཞལ་བཞེས་གནང་འདུག

ཉིན་དེར་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་སྣེ་ཁྲིད་དེ། སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས། ཨ་ཀྲུག་ཚེ་བརྟན་ལགས་། དབྱངས་ཅན་སྒྲོལ་དཀར་ལགས་བཅས་ནས་རྒྱ་གར་གྲོས་ཚོགས་འཐུས་མི་སི་ཨིམ་ཆང་དང་།

གོང་གསལ་སྤྱི་འཐུས་ཐོག་ཨཱཅརྱ་ཡེ་ཤེས་ཕུན་ཚོགས་དང་། བསོད་ནམས་རྒྱལ་མཚན། ཡེ་ཤེས་སྒྲོལ་མ་བཅས་ནས་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཟུར་པ་དང་གྲོས་ཚོགས་འཐུས་མི་ལས་ཐོག་ཡ་ཤི་ཝནཌ་སིན་ཧཱ་མཆོག་དང་མཇལ་འཕྲད་གནང་སྟེ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་དང་། གདུང་སེམས་མཉམ་བསྐྱེད་གནང་རྒྱུའི་འབོད་བསྐུལ་ཞུས་འདུག

ཕྱི་ཚེས་ ༡༥ ཉིན་ཚོགས་གཙོ་མཆོག་གིས་སྣེ་ཁྲིད་དེ། སྤྱི་འཐུས་སྨོན་ལམ་མཐར་ཕྱིན་ལགས། ཟླ་བ་ཕུན་སྐྱིད་ལགས། སྨན་པ་མཁྱེན་རབ་རྒྱ་མཚོ་ལགས་བཅས་སོགས་གོང་གསལ་མི་བཞིས་གྲོས་ཚོགས་འཐུས་མི་མོ་ཧན་སིངྒ་མཆོག་དང། མུ་ཀུཊ་མི་ཋི་མཆོག་དང་མཇལ་འཕྲད་གནང་ཡོད་པ་དང་།

ཚོགས་གཞོན་མཆོག་གིས་སྣེ་ཁྲིད་པའི་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་དང་། དབྱངས་ཅན་སྒྲོལ་དཀར་ལགས། ཨཱཅརྱ་ཡེ་ཤེས་ཕུན་ཚོགས་ལགས། བསོད་ནམས་རྒྱལ་མཚན་ལགས། ཡེ་ཤེས་སྒྲོལ་མ་ལགས་བཅས་ཀྱིས་རྒྱ་གར་གྲོས་ཚོགས་འཐུས་མི་ཌི་ར་ཇཱ་དང། བྷི་རིཇ་བྷུ་ཤན་ཏི་ཝ་རི་མཆོག ཨིན་ཌར་སིངྒ་ནམ་ཌ་རི་བཅས་དང་མཇལ་འཕྲད་གནང་།

ཉིན་དེར་སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་དང། ཨ་ཀྲུག་ཚེ་བརྟན་གཉིས་ལྡི་ལིར་ནི་ཇམ་མུ་ཏི་རུ་ཡོད་པའི་ཁ་ཆེའི་ཕྱག་ཁང་དུ་བླ་ཆེན་ཕ་རིཌ་ཨྷ་མཏ་ནི་ཇམ་མི་མཆོག་དང་མཇལ་འཕྲད་གནང་ཡོད་པ་དང་།

རྒྱ་གར་གྱི་སྲིད་དོན་ཚོགས་པ་དང་གྲོས་ཚོགས་འཐུས་མི་སོགས་ལ་མཇལ་འཕྲད་སྐབས། ཛ་དྲག་གནས་སྟངས་ངོ་སྤྲོད་གསལ་བཤད་དང་སྦྲགས། དབུ་ཁྲིད་རྣམ་པ་ཁག་གིས་ལས་འགུལ་སྤེལ་ཡུལ་དུ་གསུང་བཤད་གནང་རྒྱུར་གདན་ཞུས་ལྟར་ཕེབས་རྒྱུའི་ཞལ་བཞེས་ཀྱང་ཐོབ་འདུག །

Menu