སྤྱི་འཐུས་རྣམ་པ་བསམ་ཡས་གླིང་མི་མང་གི་ཁྲོམ་སྐོར་ལས་འགུལ་དུ་མཉམ་ཞུགས།

ཕྱི་ལོ་ ༢༠༡༡ ཟླ་ ༡༡ ཚེས་ ༢༣ ཉིན་ལྡི་ལིར་སྤྱི་འཐུས་ནང་ཁུལ་ལྷན་འཛོམས་སུ་ཆེད་ཕེབས་གནང་མཁན་སྤྱི་འཐུས་རྣམ་པ་ལྡི་ལི་བསམ་ཡས་གླིང་མི་མང་གི་ཁྲོམ་སྐོར་ལས་འགུལ་དུ་མཉམ་ཞུགས་གནང་ཡོད།

འདི་ལོ་ཕྱི་ཟླ་ ༣ ནས་བོད་ནང་རང་ལུས་ཞུགས་འབུལ་གྱི་ཛ་དྲག་ལས་འགུལ་གཅིག་རྗེས་གཉིས་མཐུད་དུ་བྱུང་བར་དམིགས་ཏེ། ལྡི་ལིར་གནས་སྡོད་བོད་མི་ས་ཁག་ ༡༢ ཙམ་གྱི་མི་འཐུས་ལྷན་འཛོམས་གྱིས་རེས་གཟའ་ལྷག་པ་འཆར་ཅན་རྒྱ་ནག་གཞུང་ཚབ་ལས་ཁུངས་ཀྱི་ཉེ་འཁོར་དུ་ཁྲོམ་སྐོར་ལས་འགུལ་སྤེལ་རྒྱུ་དང།  བོད་མི་འདུ་གནས་རྣམས་ས་ཁོངས་ལྔར་བགོས་ཏེ། རེས་མོས་ཀྱིས་ལས་འགུལ་སྤེལ་རྒྱུའི་ཐག་གཅོད་བྱས་འདུག་པ་བཞིན།  ད་ཐེངས་ཀྱི་ལས་འགུལ་འདིར་སྤྱི་འཐུས་ཚོགས་གཞོན་གྱིས་དབུས་པའི་སྤྱི་འཐུས་རྣམ་པ་ལས་འགུལ་དུ་མཉམ་ཞུགས་གནང་ཡོད།

ཁྲོམ་སྐོར་བ་རྣམ་པས་ཐོག་མར་རྒྱ་ནག་གཞུང་ཚབ་གྱི་ཉེ་འཁོར་ཅ་ན་ཀེ་ཡ་པུ་རེ་ས་གནས་སུ་གོམ་པ་བརྒྱ་ཕྲག་དུ་མར་རྔམ་སྟོན་ཁྲོམ་སྐོར་བྱས་རྗེས།  སྐོར་སྲུང་ལས་ཁུངས་ཀྱི་མདུན་དུ་ལྷན་འཛོམས་ཀྱིས་བསམ་ཡས་གླིང་བརྒྱ་དཔོན་རྡོ་རྗེ་ལགས་ནས་ལས་འགུལ་གྱི་བྱུང་རིམ་དང་དགོས་དམིགས་ངོ་སྤྲོད་དང།  སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་བོད་ནང་ཛ་དྲག་གི་གནས་སྟངས་སྤྱི་དང།  བཀའ་སྤྱི་གཉིས་ནས་དེའི་ཐད་ལས་འགུལ་སྤེལ་སྟངས།  ལས་འགུལ་གྱི་གཞི་རྩའི་ལམ་སྟོན་དང་དགོས་འདུན་སོགས་གསུང་བཤད་གནང་ཞིང།  སྤྱི་འཐུས་ཆོས་སྐྱོང་དབང་ཕྱུག་ལགས་ནས་ཧིན་སྐད་ཐོག་ལས་འགུལ་ངོ་སྤྲོད་གསུང་བཤད་དང།  བསམ་ཡས་གླིང་རང་བདེན་ཚོགས་གཙོས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གྲུབ་བསྟུན།  དེར་འདུས་མི་མང་བརྒྱ་ཕྲག་ལྷག་དང་སྤྱི་འཐུས་རྣམ་པས་བསངས་གསོལ་གནང་སྟེ་ལས་འགུལ་མཇུག་བསྒྲིལ་ཡོད་པ་རེད།

ཉིན་འདིར་སྤྱི་འཐུས་རྣམ་པའི་ལྡི་ལིའི་མཛད་འཆར་རྣམས་ཡོངས་སུ་གྲུབ་སྟེ་བཞུགས་སྒར་དུ་རྡོག་ཐོན་གནང་ཡོད་པ་དང།  སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་ཕྱག་སྦྲེལ་རྒྱུན་ལས་ཁ་ཤས་བཅས་རྡོག་ཐོན་གནང་གོང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་བྱས་ཏེ་ལྡི་ལི་རྒྱ་ནག་གཞུང་ཚབ་མདུན་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་སྤེལ་མཁན་ཤེས་རབ་ཚེ་རྡོར་ལགས་ལ་འཚམས་འདྲིར་སྨན་ཁང་དུ་ཆེད་ཕེབས་གནང་ཡོད་པ་དང་། བསམ་ཡས་གླིང་ས་གནས་འགོ་འཛིན་དང་བརྒྱ་དཔོན་སོགས་ཕེབས་རོགས་སུ་ལྷན་བཅར་ཞུས་ཡོད། །