སྤྱི་འཐུས་རྣམ་པ་ཆབ་སྲིད་འཐབ་ཇུས་ཐོག་ནང་ཁུལ་ལྷན་འཛོམས་མཇུག་བསྒྲིལ།

བོད་ཀྱི་གྲོས་ཚོགས་དང་སྲིད་ཇུས་ཉམས་ཞིབ་ཁང་གིས་གོ་སྒྲིག་བྱས་པའི་སྤྱི་འཐུས་རྣམ་པ་ཆབ་སྲིད་འཐབ་ཇུས་ཐོག་ནང་ཁུལ་ལྷན་འཛོམས་ཀྱི་དངོས་གཞིའི་མཛད་འཆར་ཕྱི་ཚེས་ ༢༡ ཉིན་མཇུག་བསྒྲིལ་ཡོད་པ་དང་། ཐེངས་འདིའི་ནང་ཁུལ་ལྷན་འཛོམས་ལ་གོ་སྒྲིག་བྱེད་མཁན་གྱིས་གྲུབ་འབྲས་འབུར་ཐོན་བྱུང་ཡོད་པའི་ངོས་འཛིན་གནང་གི་འདུག

ཕྱི་ཚེས་ ༡༩ ཉིན་ནང་ཁུལ་ལྷན་འཛོམས་ཀྱི་ལས་རིམ་ཐོག་མར། སྤྱི་འཐུས་རྣམ་པ་ཚོགས་ཆུང་ཁག་ལྔར་ཆ་བགོས་ཀྱིས་ ༢༠༠༩ ལོར་ལྷན་འཛོམས་སྐབས་ཀྱི་གྲུབ་དོན་སྙན་ཐོའི་བརྗོད་གཞི་ཁག་ ༡༦ དང་དེ་དག་གི་སྒྲུབ་ཕྱོགས་དོན་ཚན་ཁག་ཕྱོགས་བསྡུས་གནང་སྟེ། སྤྱི་འཐུས་རེ་རེས་དོན་ཚན་གལ་གནད་ཆེ་རིགས་ལ་རྟགས་རིས་བཀོད་དེ་བརྗོད་གཞི་ཁག་ལྔ་དང་། བརྗོད་གཞི་རེར་དོན་ཚན་བཞི་རྩེ་བཏོག་གིས་ཚོགས་ཆུང་སོ་སོས་ཞིབ་ཆའི་ལག་བསྟར་བྱེད་ཕྱོགས་དང་བཅས་པར་བགྲོ་གླེང་གིས་སྙན་ཐོ་བཟོ་འགོད་གྲུབ་མཚམས། ཕྱི་ཚེས་ ༢༠ ཉིན་གྱི་ཚོགས་ཐུན་མཐའ་མའི་སྟེང་ལྷན་འཛོམས་སུ་དོན་ཚན་རེ་རེ་གཏན་འབེབས་གནང་ཡོད་པ་རེད།

ཕྱི་ཚེས་ ༢༡ ཉིན་སྤྱི་འཐུས་རྣམ་པ་སླར་ཡང་ཚོགས་ཆུང་ཁག་གསུམ་དུ་ཆ་བགོས་གནང་སྟེ། བོད་ནང་གི་ཛ་དྲག་གནས་སྟངས་ལ་གདོང་ལེན་བྱེད་ཕྱོགས་དང་། སྤྱི་ལྷན་གྱི་ཚོགས་མི་རྣམ་པའི་ནུས་པ་བག་ལ་ཞ་སྔོག་སྤེལ་བྱེད་ཕྱོགས་བཅས་ཀྱི་བརྗོད་གཞི་གཉིས་ལ་བློ་བསྡུར་གནང་སྟེ་གྲུབ་དོན་གཏན་འབེབས་གནང་ཡོད་པ་རེད།

ལྷན་འཛོམས་གནང་སྐབས། ཕྱི་ཚེས་ ༡༩ ཉིན་འབྲས་ལྗོངས་མང་གཙོ་ཚོགས་པའི་ཚོགས་མི་དང་རྒྱ་གར་དབུས་གྲོས་ཁང་འོག་མའི་འཐུས་མི་སྐུ་ཞབས་པ་རམ་རྡ་སི་རཡེ་ལགས་ཆེད་ཕེབས་ཀྱིས། རྒྱ་གར་གྲོས་ཚོགས་འཐུས་མི་ལྷན་འབྲེལ་མཐུད་བྱེད་ཕྱོགས་དང་། རྒྱབ་སྐྱོར་འཚོལ་ཐབས་སྐོར་ལ་སྤྱི་འཐུས་རྣམ་པ་དང་ལྷན་བགྲོ་གླེང་གནང་ཡོད་པ་དང་། ཕྱི་ཚེས་ ༢༠ ཉིན་ནྷེ་རུ་གཙུག་ལག་སློབ་གཉེར་ཁང་གི་ཤར་ཨེ་ཤ་ཡའི་སྡེ་ཚན་གྱི་སློབ་དཔོན་ཆེན་མོ་སྐུ་ཞབས་སྭ་རན་སིངྒ་ལགས་ཀྱིས་རྒྱ་དཀར་ནག་གི་འབྲེལ་ལམ་ལ་བརྟེན་པའི་རྒྱ་གར་གྱིས་བོད་ལ་འཛིན་པའི་སྲིད་ཇུས་སྐོར་ལ་གསུང་བཤད་དང་། བསམ་ཚུལ་བརྗེས་རེས་གནང་བ་དང་། ཉིན་དེའི་ཕྱི་དྲོ་ཆུ་ཚོད་ ༥།༣༠ སྟེང་རྒྱ་གར་གྲོས་ཁང་འོག་མའི་ཚོགས་དྲུང་ཟུར་པ་དང་ཁྲིམས་སྒྲིག་གི་མཁས་པ་གྲགས་ཅན་སུ་བྷཤ་ཀ་ཤྻབ་ལགས་ནས་༸གོང་ས་མཆོག་གིས་ཆབ་སྲིད་དང་འཛིན་སྐྱོང་གི་འགན་དབང་མི་མང་ནས་ཐད་ཀར་འདེམས་ཐོན་བྱུང་བ་རྣམས་ལ་གསོལ་བསྩལ་དང་། དེ་འབྲེལ་སྤྱི་ལྷན་ནས་བཅའ་ཁྲིམས་བསྐྱར་བཅོས་བྱས་རྗེས། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གནས་ཐབས་སྐོར་ལ་གསུང་བཤད་དང་ཕན་ཚུན་བསམ་ཚུལ་བརྗེ་རེས་གནང་ཡོད།

ལྷན་འཛོམས་འདི་གོ་སྒྲིག་གནང་མཁན་བོད་ཀྱི་གྲོས་ཚོགས་དང་སྲིད་ཇུས་ཉམས་ཞིབ་ཁང་གི་ངེས་སྟོན་པ་ཆོས་སྐྱོང་དབང་ཕྱུག་ལགས་ཀྱིས་ངོ་སྤྲོད་གནང་བ་ལྟར་ན། ལྷན་འཛོམས་སུ་བོད་ནང་དང་། བཙན་བྱོལ་ནང་། རྒྱ་ནག རྒྱལ་སྤྱི། རྒྱ་གར་བཅས་ཀྱི་བརྗོད་གཞི་ཁག་ལྔའི་ཐོག་ཆེད་དམིགས་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་ཐད་སྤྱི་འཐུས་རྣམ་པའི་རྣམ་དཔྱོད་གཞི་གཅིག་ཏུ་སྤུངས་ཏེ། སྤྱི་འཐུས་སྒེར་སོ་སོ་དང་། རྒྱུན་ལས། གྲོས་ཚོགས་བཅས་ནས་སྒྲུབ་ཕྱོགས་ཀྱི་དོན་ཚན་མང་པོ་ཞིག་བཟོ་ཐུབ་ཡོད་པ་མ་ཟད། དོན་ཚན་དེ་དག་བསམ་ཚུལ་དང་མཐོང་ཚུལ་ཙམ་ཞིག་མིན་པར། གནད་དོན་གང་ཡིན་དེ་སྒྲུབ་མཁན་སུ་ཡིན་དང་། དུས་བཀག་ཇི་ཡིན། ཐབས་ལམ་ཇི་ཡོད་ཞིབ་ཅིང་ཕྲ་བའི་སྒོ་ནས་གཏན་འབེབས་གནང་ཡོད་པས། སྐབས་ ༡༥ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་ཡུན་རིང་ཕྱག་ལས་གནང་ཕྱོགས་ལ་ཁྱད་པོ་ཆེན་པོ་ཡོང་གི་རེད་ཅེས་དང་། ཐེངས་འདིའི་ལྷན་འཛོམས་ཀྱི་གྲུབ་དོན་སྙན་ཐོ་ཁག་སྤྱི་འཐུས་རྒྱུན་ལས་སུ་ཕུལ་ཏེ། སྤྱི་འཐུས་བཞུགས་མོལ་ཚོགས་འདུ་དང་། གྲོས་ཚོགས་ནས་མོས་མཐུན་གནང་ཚེ། སྐབས་ ༡༥ པའི་སྤྱི་འཐུས་ཀྱི་ལས་རྒྱུན་རིང་ཕྱག་ལས་གནང་སྟངས་ལ་དགེ་མཚན་ཆེན་པོ་ཡོང་གི་རེད་ཅེས་ཚད་མཐོའི་གདེང་འཇོག་གནང་སོང་།

ཕྱི་ཚེས་ ༢༢ ཉིན་སྤྱི་འཐུས་རྣམ་པ་རྒྱ་གར་རྒྱལ་ཡོངས་འགྲེམ་སྟོན་ཁང་དང་། དབུས་བོད་སློབ་འཛིན་སྐྱོང་ཚོགས་པ། ལྡི་ལི་བོད་ཁང་། བོད་ཁྱིམ་མཐོ་སློབ་སྡོད་ཁང་། སེམས་དཔའ་ཆེན་པོ་གན་དྷིའི་འགྲེམ་སྟོན་ཁང་སོགས་གཟིགས་སྐོར་དང་། འབྲེལ་ཡོད་འགན་འཛིན་ལྷན་དུ་མཇལ་འཕྲད་དང་ཁུངས་སོ་སོའི་ལས་དོན་བྱེད་ཕྱོགས་ལ་རྒྱུན་ལོན་གནང་ཡོད། ཉིན་དེའི་དགོང་མོ་ལྡི་ལི་ཀེ་ལེ་རི་ཇེས་མགྲོན་ཁང་དུ་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ལྷན་དགོང་ཚིགས་ལྷན་འཛོམས་གནང་སྟེ། རྒྱ་གར་དབུས་གཞུང་དཔལ་འབྱོར་དང་ཕྱི་སྲིད་བློན་བློན་ཆེན་ཟུར་པ་ཡ་ཤི་ཝན་སེ་ན་དང་སོགས་རྒྱ་གར་གྱི་སྲིད་དོན་ཚོགས་པ་བརྒྱད་ཀྱི་གྲོས་ཚོགས་འཐུས་མི་མཉམ་ཤིན་ཏུ་མཛའ་བརྩེའི་ངང་གསུང་མོལ་གནང་ཡོད།

དགོང་ཚིགས་གྲོལ་རྗེས། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ཨོ་སི་ཀྲོ་རེ་ཡ་དང་། ཧོ་ལན། བྷེལ་ཇམ། དབྱི་ཊ་ལི་བཅས་སུ་གཞུང་དོན་ཕྱོགས་ཕེབས་གནང་ཡོད་པ་དང་། ཕྱི་ཚེས་ ༢༣ ཉིན་སྤྱི་འཐུས་རྣམ་པ་ལྡི་ལི་བསམ་ཡས་གླིང་མི་མང་གིས་རྒྱ་ནག་གཞུང་ཚབ་ཉེ་འཁོར་དུ་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་དུ་མཉམ་ཞུགས་གནང་སྟེ། དེ་ཉིན་དགོང་མོ་དྷ་སར་ཕེབས་ཐོན་གནང་ཡོད། །

Menu