སྤྱི་འཐུས་རྒྱུན་ལས་སྐུ་ཚབ་ནས་བོད་དོན་རྒྱབ་སྐྱོར་བ་ཞིག་དང་མཇལ་འཕྲད་གནང་བ།

༄༅། །རྒྱ་གར་གྱི་སྲོལ་རྒྱུན་རིག་གཞུང་ནང་རྟེན་འབྲེལ་དང་། སྐྱེས་སྐར། རྒས་ཡོལ། ཆོས་ལུགས་དུས་སྟོན་སོགས་ལ་སྐུ་མགྲོན་གདན་ཞུས་གནང་སྲོལ་ཡོད་པ་ལྟར། ཕྱི་ལོ་ ༢༠༢༡ ཟླ་ ༤ ཚེས་ ༢༣ རེས་གཟའ་པ་སངས་ཉིན་གུང་ཆུ་ཚོད་ ༡།༣༠ ཐོག་རྡ་ས་མེག་གྷན་དྷ་རམ་ཀོ་ཊ་ (Dharamkot) རུ་བྷི་ཇེ་པི་རྫོང་གི་སྲིད་དོན་ཚོགས་པའི་རྒྱུན་ལས་དང་། ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་མི་སྐུ་ཞབས་ན་རིན་དྷར་ པ་ཐ་ནཡེ་ (Narender Pathania) ལགས་ཀྱི་གཅུང་མོ་རི་ཏ་ (Reeta) ལགས་ཀྱི་རྟེན་འབྲེལ་ལས་རིམ་ཐོག་སྔོན་ནས་གདན་ཞུས་ལྟར། གུས་བརྩི་དང་ཆེ་མཐོང་མཚོན་སླད་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་། སྤྱི་འཐུས་རྒྱུན་ལས་ངག་དབང་ཐར་པ་མཆོག སྤྱི་འཐུས་རྒྱུན་ལས་བསྟན་འཛིན་འཇམ་དབྱངས་མཆོག་བཅས་གཞུང་འབྲེལ་ཐོག་ཆེད་བཅར་གནང་ཡོད།

དཔལ་ལྡན་ཚོགས་གཞོན་མཆོག་གིས་གཙོས་པའི་སྤྱི་འཐུས་རྒྱུན་ལས་རྣམ་པ་རྡ་ས་མེག་གྷན་དྷ་རམ་ཀོ་ཊ་རུ་རྟེན་གཞི་བྱས་པའི་སྐུ་ཞབས་ན་རིན་དྷར་ པ་ཐ་ནཡེ་ལགས་ཀྱི་གཟིམ་ཤག་ཏུ་ཕེབས་འབྱོར་མཚམས། སྐུ་ཞབས་ཁོང་གིས་སྣེ་ལེན་དང་སྦྲགས། ཁོང་གི་ནང་མི་རྣམ་པ་ངོ་སྤྲོད་གནང་རྗེས། སྤྱི་འཐུས་རྒྱུན་ལས་སྐུ་ཚབ་ཚོགས་ཆུང་ནས་གཞིས་བྱེས་བོད་མི་ཡོངས་དང་། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། སྐུ་ཞབས་ཁོང་གི་གཅུང་མོའི་རྟེན་འབྲེལ་དགའ་སྟོན་ལ་འཚམས་འདྲིའི་མཇལ་དར་དང་། ཕྱག་རྟགས་ཕུལ་གནང་སོང་།  དེ་བཞིན་དཔལ་ལྡན་ཚོགས་གཞོན་མཆོག་གིས་ཁོང་ནང་མི་ལྷན་རྒྱས་ནས་ཡུན་རིང་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་དང་། ཁོང་གི་སྐུ་ཟླ་ལྕམ་སྐུ་མོ་ནི་ཀཱ་ པ་ཐ་ནཡེ་ (Monika Pathania) ལགས་ཉེ་ཆར་རྡ་ས་གྲོང་སྡེ་ལས་ཁུངས་ཀྱི་ཚོགས་མིར་བདམས་ཐོན་བྱུང་བར་དམིགས་བསལ་འཚམས་འདྲི་དང་། མ་འོངས་པར་ས་གནས་བོད་མི་རྣམས་ལ་རོགས་ཕན་གནང་སྐྱོང་ཡོང་བའི་རེ་སྐུལ་དང་། དེ་བཞིན་སྐུ་ཞབས་ན་རིན་དྷར་ པ་ཐ་ནཡེ་ལགས་ནས་ལོ་མང་རིང་མུ་མཐུད་དེ་བཞུགས་སྒར་རྡ་སར་དབྱུག་རྩེད་སྤོ་ལོའི་འགྲན་བསྡུར་ (Lhasa Cup) ཞེས་པ་གོ་སྒྲིག་ཞུ་བཞིན་ཡོད་པར་བསྔགས་བརྗོད་གནང་སོང་།

དེ་རྗེས་ཧི་མ་ཅཱལ་མངའ་སྡེའི་སྲོལ་རྒྱུན་གཞིར་བཟུང་སྐུ་མགྲོན་ཡོངས་ལ་ཉིན་གུང་གསོལ་ཚིགས་འདེགས་འབུལ་ཞུས་གནང་ཡོད་པ་བཅས། །