སྤྱི་འཐུས་རྒྱུན་ལས་སྐུ་ཚབ་ནས་བོད་དོན་རྒྱབ་སྐྱོར་བ་ཞིག་དང་མཇལ་འཕྲད་གནང་བ།


༄༅། །རྒྱ་གར་གྱི་སྲོལ་རྒྱུན་རིག་གཞུང་ནང་རྟེན་འབྲེལ་དང་། སྐྱེས་སྐར། རྒས་ཡོལ། ཆོས་ལུགས་དུས་སྟོན་སོགས་ལ་སྐུ་མགྲོན་གདན་ཞུས་གནང་སྲོལ་ཡོད་པ་ལྟར། ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༢༦ རེས་གཟའ་ཟླ་བའི་ཉིན་གུང་ཆུ་ཚོད་ ༡༢།༠༠ ཐོག་རྡ་ས་མེག་གྷན་དུ་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་སྭ་རུབ་ཀུ་མར་ཤར་མ་ (Shri Swaroop Kumar Sharma) ལགས་ཀྱི་བུ་མོ་པིརི་ཡན་ཀ་ (Priyanka) ལགས་ཀྱི་རྟེན་འབྲེལ་ལས་རིམ་ཐོག་གདན་ཞུས་ལྟར། གུས་བརྩི་དང་ཆེ་མཐོང་མཚོན་སླད་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་། སྤྱི་འཐུས་རྒྱུན་ལས་ངག་དབང་ཐར་པ་མཆོག་བཅས་གཞུང་འབྲེལ་ཐོག་ཆེད་བཅར་གྱིས་སྐུ་ཞབས་ཁོང་དང་། ཁོང་གི་བུ་མོ་སོགས་ནང་མི་ཡོངས་ལ་འཚམས་འདྲིའི་མཇལ་དར་དང་དྲན་རྟེན་ཕྱག་རྟགས་ཕུལ་གནང་རྗེས། སྐུ་ཞབས་ཁོང་དང་ཁོང་གི་ནང་མི་རྣམ་པས་ད་བར་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་དང་། ཁོང་ནང་མི་རྣམས་ནས་ཀྱང་སྤྱི་འཐུས་རྣམ་པ་གདན་ཞུས་ལྟར་ཕེབས་པར་དགའ་ཚོར་ཆེན་པོ་བྱུང་སྐོར་གསུངས་གནང་འདུག

གཞན་ཡང་རྟེན་འབྲེལ་ལས་རིམ་ཐོག་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་དང་། དབུས་སྣེ་ལེན་ཁང་གི་འགན་འཛིན་ཚེ་རིང་དོན་གྲུབ་ལགས། རྡ་ས་ས་གནས་འགོ་འཛིན། ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་མི། དེ་བཞིན་རྡ་ས་གནས་སྡོད་བོད་མི་སོགས་ཁྱོན་མི་གྲངས་ ༡༠༠ ལྷག་ཆེད་ཕེབས་གནང་འདུག་པ་བཅས། །

Menu