སྤྱི་འཐུས་རྒྱུན་ལས་སྐུ་ཚབ་ནས་ཧི་མ་ཅཱལ་མངའ་སྡེའི་བློན་ཆེན་ཟུར་པ་སྐུ་ཞབས་སུ་དིར་ཤར་མ་མཆོག་དང་མཇལ་འཕྲད་གནང་བ།


༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༣༡ ཉིན་གུང་ཆུ་ཚོད་ ༡༢།༡༠ ཙམ་གྱི་ཐོག་དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་སྣེ་ཁྲིད་འོག་སྤྱི་འཐུས་རྒྱུན་ལས་སྐུ་ཚབ་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག་དང་། སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་བཅས་ནས་རྒྱ་གར་བྱང་ཕྱོགས་ཧི་མ་ཅཱལ་མངའ་སྡེའི་གྲོང་སྡེ་ཡར་རྒྱས་བློན་ཆེན་ཟུར་པ་དང་། རྒྱ་གར་ཀོང་རེ་སི་སྲིད་དོན་ཚོགས་པའི་ཚོགས་མི་སྐུ་ཞབས་སུ་དིར་ཤར་མ་ (Sudhir Sharma, Former Minister of Housing, Urban Development and Town & Country Planning,HP) མཆོག་དང་ལྷན་ནོར་བུ་གླིང་ཁའི་ཉེ་འདབས་སུ་ཡོད་པའི་ཁོང་གི་གཟིམ་ཤག་ཏུ་མཇལ་འཕྲད་གནང་སོང་།

སྐབས་དེར་ཐོག་མར་དཔལ་ལྡན་ཚོགས་གཞོན་མཆོག་གིས་གཙོས་སྤྱི་འཐུས་རྣམ་པས་སྐུ་ཞབས་ཁོང་ལ་འཚམས་འདྲིའི་མཇལ་དར་དང་། དེ་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲན་རྟེན་ཕྱག་རྟགས་ཕུལ་རྗེས། དཔལ་ལྡན་ཚོགས་གཞོན་མཆོག་གིས་སྐུ་ཞབས་ཁོང་ནས་དེ་རིང་མཇལ་འཕྲད་གནང་རྒྱུའི་དུས་ཚོད་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐོར་དང་། དེ་བཞིན་ཚོགས་ཆེན་རིམ་པར་གྲོས་ཆོད་ཇི་ཙམ་བཞག་ཡོད་པ། ད་བར་རྒྱ་གར་གྲོས་ཚོགས་དང་རྒྱལ་སྤྱིའི་ནང་བོད་ཀྱི་འཐབ་རྩོད་ཐོག་རྒྱབ་སྐྱོར་ཇི་ཙམ་ཐོབ་མིན། རྒྱ་ནག་གཞུང་གིས་གདུག་རྩུབ་ཅན་གྱི་སྲིད་བྱུས་བཟུང་སྟེ་བོད་ནང་དམ་དྲག་ཆེ་རུ་བཏང་བའི་རྐྱེན་གྱིས་ཕྱི་ལོ་ ༢༠༠༩ ནས་ད་བར་བོད་མི་ ༡༥༤ ཡིས་བོད་དོན་ཆེད་སྐུ་ལུས་མེར་བསྲེགས་ཕུལ་བའི་སྐོར། བོད་རྒྱ་འབྲེལ་མོལ་སྐོར་སོགས་བོད་ཀྱི་འཐབ་རྩོད་ངོ་སྤྲོད་སྙིང་བསྡུས་དང་།

རྒྱ་དམར་གཞུང་གིས་བོད་ས་བཙན་བཟུང་གིས་ད་ལྟའི་ཆར་བོད་ཡུལ་དེ་ཉིད་རྒྱ་ནག་གི་དམག་ས་ལྟ་བུར་བཟོས་ཏེ། རྒྱ་གར་ལ་དུས་ནས་དུས་སུ་ས་མཚམས་ཀྱི་དཀའ་ངལ་རིམ་པ་བཟོས་དང་བཟོ་བཞིན་ཡོད་སྐོར་སོགས་གསུངས་གནང་རྗེས། སྐུ་ཞབས་ཁོང་བཙན་བྱོལ་བོད་མིའི་མང་གཙོའི་ལམ་བཟང་དབུ་བརྙེས་ཏེ་མི་ལོ་ ༦༠ འཁོར་བའི་གཞུང་འབྲེལ་དུས་ཆེན་སྲུང་བརྩིའི་མཛད་སྒོའི་ཐོག་སྐུ་མགྲོན་དུ་ཕེབས་གནང་ཡོང་བའི་རེ་སྐུལ་ཞུས་གནང་བར་སྐུ་ཞབས་ཁོང་ནས་ཀྱང་དེ་ལྟར་ཕེབས་རྒྱུའི་ཞལ་བཞེས་གནང་ཡོད་པ་བཅས། །

Menu