སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ནས་བོད་མིའི་སྒྲིག་འཛུགས་ཀྱི་བསྐྱར་བཅོས་སྔོན་རྩིས་ལ་ཞིབ་བཤེར་བཀའ་འཁྲོལ་བསྩལ་བ།

བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་ ༢༠༡༡༌༌༌༢༠༡༢ ལོའི་བསྐྱར་བཅོས་སྔོན་རྩིས་ཀྱི་རྩིས་ཤོག་ལ་བཀའ་ཤག་གི་རྒྱབ་གཉེར་ཡིག་སྣོད་གྲངས་ ༢༤ དང་། ཕྱོགས་བསྡོམས་བཅས་ཀྱི་ནང་རྒྱུན་གྲོན་དང་། དམིགས་བསལ།  ཟུར་བཀོལ་བཅས་ལ་ཧིན་སྒོར་ ༡༠༩༡,༥༤༠,༠༩༤།༠༠ རྒྱབ་གཉེར་གནང་འདུག་པར། ཕྱི་ཟླ་ ༡༡ པའི་ཚེས་ ༢༤, ༢༥, ༢༨, ༢༩ བཅས་ཉིན་བཞིའི་རིང་རྒྱུན་ལས་ལྷན་ཚོགས་སུ་བཀའ་བསྡུར་ཞིབ་ལྷུག་གིས་གཅོག་ཆ་གྲངས་ ༡༠ ལ་ཧིན་སྒོར་ ༦༢༦,༢༦༩།༠༠ དང་།  སྤར་ཆ་གྲངས་ ༡༦ ལ་ཧིན་སྒོར་ ༡,༩༦༢,༠༨༦།༠༠ བཅས་གནང་སྟེ་མཐའ་དོན་རྒྱུན་གྲོན་དང་། དམིགས་བསལ། དམིགས་བཀར་བཅས་རྩིས་ཁག་གསུམ་ལ་ཁྱོན་བསྡོམས་ཧིན་སྒོར་ ༡,༠༩༢,༨༧༥,༩༡༡།༠༠ བཀའ་འཁྲོལ་བསྩལ་བ་དང་།

དེ་བཞིན་ལྷོ་སྤྱི་ལས་ཁུངས་དང་ས་འཐུས་མེད་པའི་ས་གནས་ཁག་ ༦ གི་བསྐྱར་བཅོས་སྔོན་རྩིས་སུ་སྒོར་ས་ཡ་ ༣༦༌༧༢ དང་། འཕྲོད་བསྟེན་ཁྱབ་ཁོངས་སྨན་ཁང་ཁག་གི་འགྲོ་གྲོན་དགོས་དངུལ་སྒོར་ས་ཡ་༤༡༌༨༩ བཀའ་ཤག་གི་རྒྱབ་གཉེར་ལྟར་བཀའ་འཁྲོལ་བསྩལ་ཡོད།

རྒྱུན་ལས་ལྷན་ཚོགས་ནས་རྩིས་ལོ་ ༢༠༡༡༌༌༌༢༠༡༢ ལོའི་བསྐྱར་བཅོས་སྔོན་རྩིས་འཆར་འབུལ་ཡོངས་ལ་བཀའ་འཁྲོལ་བསྩལ་བ་དང་ཆབས་ཅིག འབྲེལ་ཡོད་ནས་ཐུགས་སྣང་དང་ཕྱག་བཞེས་གནང་དགོས་ཀྱི་དོན་ཚན་ ༡༠ ཅན་ཞིག་སྙན་ཐོར་བཀོད་ཡོད་པ་དང་། ཕྱི་ཚེས་ ༣༠ ཉིན་བསྐྱར་བཅོས་སྔོན་རྩིས་ཞིབ་བཤེར་གྱི་ལས་དོན་ཡོངས་སུ་མཇུག་བསྒྲིལ་ཏེ། ལས་ཁུངས་ཡོངས་ཀྱི་བསྐྱར་བཅོས་སྔོན་རྩིས་རྩིས་ཤོག་ཁག་ཡོད་པའི་ཡིག་སྣོད་དང་འབྲེལ་ཡོད་ཡིག་ཆ་ཁག་ཆ་ཚང་དཔལ་ལྡན་དཔལ་འབྱོར་བཀའ་བློན་མཆོག་གི་མཚན་ཐོག་ཏུ་འབུལ་གཏོང་གནང་ཡོད་པ་རེད། །