སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ནས་བོད་མིའི་སྒྲིག་འཛུགས་ཀྱི་བསྐྱར་བཅོས་སྔོན་རྩིས་ལ་བཀའ་འཁྲོལ་གནང་བཞིན་པ།

ཕྱི་ཟླ་ ༡༡ ཚེས་ ༢༤ ཉིན་སྤྱི་འཐུས་ཚོགས་གཞོན་དབུ་བཞུགས་ཐོག སྤྱི་འཐུས་རྒྱུན་ལས་ལྷན་འཛོམས་གནང་སྟེ།  བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་ ༢༠༡༡་་༡༢ ལོའི་རྒྱུན་གྲོན་དང།  དམིགས་བསལ།  ཟུར་བཀོལ་བཅས་ཀྱི་བྱུང་སོང་ལྷག་གསུམ་གྱི་བསྐྱར་བཅོས་སྔོན་རྩིས་འཆར་འབུལ་ལ་བཀའ་ཤག་གིས་ཐུགས་ཞིབ་རྒྱབ་གཉེར་གནང་བའི་ཡིག་ཆའི་ཡིག་སྣོད་གྲངས་ ༢༤ དང།  རྩིས་ལོ་ ༢༠༡༡་་༢༠༡༢ ལོའི་ཕྱོགས་བསྡོམས་མ་དངུལ་གྱི་གཏོང་ཡོང་རྩིས་ཁྲ་དང།  ལས་ཁུངས་སོ་སོའི་རྒྱུན་གྲོན།  དམིགས་བསལ།  ཟུར་བཀོལ་བཅས་ཀྱི་བསྐྱར་བཅོས་སྔོན་རྩིས་ལ་བཀའ་ཤག་གིས་རྒྱབ་གཉེར་གནང་བའི་ཕྱོགས་བསྡོམས་ཁ་ཤོག་བཅས་ཕུལ་འབྱོར་ཐོག་ཆོག་མཆན་བཀའ་འཁྲོལ་གནང་ཆེད་ལས་ཁུངས་རེ་རེ་བཞིན་དག་བཤེར་ཞིབ་འཇུག་གིས་སྤར་གཅོག་ཐག་གཅོད་གནང་བཞིན་ཡོད་པ་དང་། འཆར་འབུལ་གསལ་ཁ་མེད་པ་དང་ཐེ་ཚོམ་ཡོད་རིགས་ལ་འབྲེལ་ཡོད་ལས་ཁུངས་ཁག་གི་ལས་བྱེད་ཆེད་བསྐོངས་ཀྱིས་དྲི་བརྩད་དོགས་སེལ་གནང་བཞིན་ཡོད་པ་རེད།

 

ཐེངས་འདིའི་བསྐྱར་བཅོས་སྔོན་རྩིས་སུ་བཀའ་ཤག་ནས་དཔལ་འབྱོར་ལས་ཁུངས་བརྒྱུད་དགོས་དངུལ་འགྲོ་འཆར་སྒོར་ས་ཡ་ ༢༥༡་༦༧ དང།  ཟུར་བཀོལ་རྩིས་ཁོངས་ནས་འགྲོ་འཆར་སྒོར་ས་ཡ་ ༨༣༩་༥༤ རྒྱབ་གཉེར་གནང་བ་དེ་དག་ཐོག་མའི་སྔོན་རྩིས་བཀའ་འཁྲོལ་གཏན་འབེབས་སྒོར་ས་ཡ་ ༡༠༣༣་༠༦ ལས་སྒོར་ས་ཡ་ ༥༨་༤༨ དང།  བརྒྱ་ཆ་ ༥་༦༦ འཕར་འདུག་པ་དང།  དཔལ་འབྱོར་ལས་ཁུངས་བརྒྱུད་ཡོང་འཆར་སྒོར་ས་ཡ་ ༢༧༦་༥༧ དང།  ཟུར་བཀོལ་རྩིས་ཁོངས་སུ་སྔ་ལོའི་ལྷག་བསྡད་དང་ཡོང་འཆར་སྒོར་ས་ཡ་ ༢,༣༡༥་༤༧ རྒྱབ་གཉེར་ཞུས་འདུག་ཅིང།  དེ་བཞིན་ས་འཐུས་མེད་པའི་ས་གནས་ཁག་ ༧ གྱི་བསྐྱར་བཅོས་སྔོན་རྩིས་སུ་འགྲོ་གྲོན་རྒྱབ་གཉེར་སྒོར་ས་ཡ་ ༣༦་༧༢ དང་འཕྲོད་བསྟེན་ཁྱབ་ཁོངས་སྨན་ཁང་ཁག་གི་འགྲོ་གྲོན་དགོས་དངུལ་རྒྱབ་གཉེར་ཞུས་པ་སྒོར་ས་ཡ་ ༤༡་༨༩ རྒྱབ་གཉེར་གནང་འདུག །