༄༅། །བོད་མི་མང་སྤྱི་འཐུས་རྒྱུན་ལས་ཚོགས་ཆུང་གི་ལས་རྒྱུན་ལོ་གཅིག་རིང་ཡིན་ཞིང་།སྤྱི་འཐུས་
སྐབས་ ༡༥ པའི་རྒྱུན་ལས་ཚོགས་ཆུང་སྐབས་ ༢ པའི་ལས་རྒྱུན་ཕྱི་ལོ་༢༠༡༣ ཕྱི་ཟླ་ ༥ པའི་ཚེས་
༣༡ ཉིན་རྫོགས་ཏེ་རྒྱུན་ལས་ཚོགས་ཆུང་སྐབས་ ༣ པ་ཕྱི་ལོ་༢༠༡༣ ཕྱི་ཟླ་ ༦ པའི་ཚེས་ ༡ ནས་
དབུ་འཛུགས་གནང་གི་ཡོད་པ་ལྟར་ཕྱི་ཟླ་ ༦ པའི་ཚེས་ ༡ ཉིན་སྔ་དྲོའི་ཚོུད་ ༡༠ པར་རྒྱུན་ལས་
སྐབས་ ༣ པའི་ལྷན་འཛོམས་ཐེངས་དང་པོ་གནང་སྟེ་ཚོགས་གཙོ་སྦྲལ་པོ་མཆོག་གིས་དབུས་རྒྱུན་
ལས་རྙིང་པ་གྲངས་ ༩ རང་འཇགས་ཐོག་སྤྱི་འཐུས་ཀརྨ་ཡེ་ཤེས་མཆོག་དང་། སྤྱི་འཐུས་རྒྱ་རིགས་
ཐར་མཆོག་རྣམ་གཉིས་འཕོས་པར་སྤྱི་འཐུས་པདྨ་འབྱུང་གནས་མཆོག་དང་། སྤྱི་འཐུས་མཁྱེན་
རབ་རྒྱ་མཚོ་མཆོག་རྣམ་གཉིས་ཕེབས་པར་ཚོགས་གཙོ་མཆོག་གིས་ཐོག་མར་ཁོང་རྣམ་གཉིས་ལ་
འཚམས་འདྲིའི་མཇལ་དར་རེ་འབུལ་གནང་དང་། རྒྱུན་ལས་ལྷན་ཚོགས་དང་ །ཚོགས་དྲུང་ལས་
ཁུངས་སུ་རྟེན་འབྲེལ་མཚོན་ཕྱིར་གསོལ་ཇ་འབྲས་བསིལ་འདེགས་འབུལ་ཞུས་རྗེས། ཚོགས་གཙོ་
མཆོག་གིས།ད་ཕན་རྒྱུན་ལས་ཀྱི་ལས་དོན་ཚགས་ཚུད་གང་ལེགས་བྱུང་ཡོད་པ་དང་། རྒྱུན་ལས་
སྐབས་འདིར་ཡང་ཚགས་འཚུད་རྒྱུན་སྐྱོང་ཡོང་བའི་འབོད་སྐུལ་གནང་ཞིང་། ཚོགས་གཙོ་མཆོག་
གིས་མུ་མཐུད་གསུངས་དོན། བོད་མི་མང་སྤྱི་འཐུས་རྒྱུན་ལས་ཚོགས་ཆུང་གི་སྒྲིག་གཞི་དོན་ཚན་
དྲུག་པའི་དགོངས་དོན་བཞིན་ནམ་རྒྱུན་སྤྱི་འཐུས་རྒྱུན་ལས་རྣམ་པ་སྡེ་ཚན་གསུམ་དུ་ཆ་བགོས་
ཀྱིས་ཕྱག་ལས་གནང་གི་ཡོད་པ་ལྟར། ད་ལམ་ཕྱི་ཟླ་ ༦ པའི་ཚེས་ ༡ ནས་བཟུང་ཆབ་སྲིད་སྡེ་
ཚན་དུ་སྤྱི་འཐུས་ཀརྨ་ཆོས་འཕེལ་མཆོག་དང་། སྤྱི་འཐུས་སྒྲོལ་མ་ཚེ་རིང་མཆོགསྤྱི་འཐུས་འཇམ་
དབྱངས་བཟོད་པ་མཆོག། སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་མཆོག། སྤྱི་འཐུས་མཁྱེན་རབ་རྒྱ་མཚོ་
མཆོག་བཅས་དང་། འཛིན་སྐྱོང་རྟོག་ཞིབ་སྡེ་ཚན་དུ་སྤྱི་འཐུས་པདྨ་འབྱུང་གནས་མཆོག་དང་།
སྤྱི་འཐུས་སྐལ་བཟང་རྒྱལ་མཚན་མཆོག རྒྱུན་འབྲེལ་སྡེ་ཚན་དུ་སྤྱི་འཐུས་དགེ་བཤེས་སྨོན་ལམ་
མཐར་ཕྱིན་མཆོག་དང་། སྤྱི་འཐུས་དགེ་བཤེས་ག་ཟི་ཚེ་རིང་པོ་མཆོག་བཅས་སུ་ཐུགས་གཏན་
འཁེལ་བའི་བཀོད་ཁྱབ་གནང་ཞིང་། སྐབས་དེར་དེ་ཉིན་གནས་འབྲེལ་ཇི་འབྱོར་ཁག་ཀྱང་སྙན་
སྒྲོན་གྱིས་བཀའ་བསྡུར་ཐག་གཅོད་གནང་ཡོད་པ་བཅས་ཀྱི་གནས་བསྡུས་སུ།
སྤྱི་ལྷན་ཚོགས་དྲུང་ལས་ཁུངས་ནས་སྤྱི་ལོ་ ༢༠༡༣ ཕྱི་ཟླ་ ༦ པའི་ཚེས་ ༣ ལ།།