སྤྱི་འཐུས་རྒྱུན་ལས་ཚེ་རིང་དབྱངས་ཅན་མཆོག་འཛམ་གླིང་གསར་འགོད་རང་དབང་ཉིན་མོ་སྲུང་བརྩིའི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་ཆེད་ཕེབས་གནང་བ།

༄༅། ། ཕྱི་ལོ་ ༢༠༢༥ ཟླ་ ༥ པའི་ཚེས་ ༣ ཉིན་བོད་ཀྱི་གསར་འགོད་མཐུན་ཚོགས་ནས་བཞུགས་སྒར་རྡ་རམ་ས་ལའི་ས་གནས་འགོ་འཛིན་གྱི་ཚོགས་ཁང་ནང་འཛམ་གླིང་གསར་འགོད་རང་དབང་ཉིན་མོ་སྲུང་བརྩི་དང་འབྲེལ་བགྲོ་གླེང་ལྷན་ཚོགས་ཤིག་གོ་སྒྲིག་ཞུས་པའི་ཐོག་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་སྤྱི་འཐུས་ཚེ་རིང་དབྱངས་ཅན་མཆོག་སྐུ་མགྲོན་གཙོ་བོར་ཆེད་ཕེབས་གནང་ཡོད།


སྐབས་དེའི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་སྤྱི་འཐུས་རྒྱུན་ལས་ཚེ་རིང་དབྱངས་ཅན་མཆོག་བརྒྱུད་ནས་བཙན་བྱོལ་ནང་ཡོད་པའི་བོད་པའི་གསར་ཁང་ཁག་ནང་ཕྱག་ལས་དུས་ཡུན་རིང་ཤོས་གནང་མཁན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་པདྨ་དངོས་གྲུབ་ལགས་ལ་ཆེ་བསྟོད་གཟེངས་རྟགས་ཤིག་ཕུལ་བ་དང་།

དེ་རྗེས་གསར་འགོད་རང་དབང་དང་འབྲེལ་བའི་བགྲོ་གླེང་ལྷན་ཚོགས་ཤིག་བསྐོང་ཚོགས་ཞུས་པའི་ཐོག་སྤྱི་འཐུས་མཆོག་གིས་ཐོག་མར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་སྒེར་ངོས་ནས་ཚོགས་བཅར་བ་ཡོངས་ལ་འཚམས་འདྲི་དང་སྦྲགས། གསར་འགོད་རང་དབང་གི་གལ་གནད་དང་། གསར་འགོད་ཀྱི་བརྒྱུད་ལམ་ཐོག་ནས་འཛམ་གླིང་ཐོག་བྱུང་བཞིན་པའི་གནས་ཚུལ་རྣམས་ཚང་མས་ཤེས་རྟོགས་ཐུབ་ཀྱི་ཡོད་པ། མང་གཙོའི་ཀ་བ་བཞི་པ་ཞེས་འབོད་སྲོལ་ཡོད་སྐོར། དེ་སྔ་སྨྲ་བརྗོད་རང་དབང་དང་འབྲེལ་བའི་ཟབ་སྦྱོང་ཐོག་ཕེབས་པའི་ཉམས་མྱོང་དང་འབྲེལ་ཏེ། གནས་ཚུལ་གང་སྤེལ་ཡང་ཁུངས་ལྡན་དང་། དྲང་པོ་དྲང་གཞག་ཐོག་སྤེལ་རྒྱུ་གལ་ཆེན་པོ་ཡིན་པ། བོད་ནང་རྒྱ་ནག་དམར་གཞུང་འོག་སྨྲ་བརྗོད་རང་དབང་མེད་པ་དང་། དཀའ་སྡུག་མྱོང་བཞིན་པའི་དངོས་ཡོད་གནས་ཚུལ་རྣམས་བཙན་བྱོལ་ནང་གི་གསར་ལམ་ཁག་བརྒྱུད་དེ་གསར་འགྱུར་སྤེལ་ནས་ཕྱོགས་ཡོངས་ལ་སྙོབ་ཐུབ་ཀྱི་ཡོད་པའི་སྐོར་སོགས་གསུངས་པ་དང་།

དེ་བཞིན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་བཅུ་གཉིས་པ་གཞི་རྩའི་རང་དབང་དང་། ཐོབ་ཐང་གཞན་ཁག་ཞེས་པའི་སྐོར་དང་། རྒྱ་གར་གྱི་རྩ་ཁྲིམས་ནང་གསལ་བའི་གནས་ཚུལ་མཁོ་སྤྲོད་ཀྱི་ཐོབ་ཐང་ (Right to Information) སྐོར་སོགས་དང་འབྲེལ་བའི་ཐོག་དྲི་བ་ཕུལ་བ་ཁག་ལ་ལན་འདེབས་གསལ་བཤད་གནང་སོང་།


གཞན་ཡང་བགྲོ་གླེང་ལྷན་ཚོགས་ཐོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ་བསོད་ནམས་ཚེ་རིང་ལགས་ཀྱིས་གསུང་བཤད་དང་། དྲི་བ་གནང་བ་ཁག་ལ་ལན་འདེབས་གསལ་བཤད། བོད་ཀྱི་གསར་འགོད་མཐུན་ཚོགས་ཀྱི་ཚོགས་གཙོ་སྐལ་བཟང་སྦྱིན་པ་ལགས་ཀྱིས་འཛམ་གླིང་གསར་འགོད་རང་དབང་ཉིན་མོ་དང་འབྲེལ་བའི་གསུང་བཤད་བཅས་གནང་སོང་།