༄༅། །སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༩ པའི་གྲོས་ཆོད་ཨང་ ༢༠༡༠།༡༤།༩།༤ དགོངས་དོན། བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ་ ༢༠༡༠ ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་ཕྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༢༦ ནས་ཚེས་ ༣༡ བར་བསྐོང་འཚོགས་གནང་བའི་མཐའ་དོན་བསམ་འཆར་ཕྱོགས་བསྡོམས་སྙན་ཐོའི་དོན་ཚན་རྣམས་སྤྱི་འཐུས་རྒྱུན་ལས་ཀྱིས་དབྱེ་གསེས་ཀྱིས་འབྲེལ་ཆགས་ཁུངས་སོ་སོར་འབུལ་གཏོང་བྱ་རྒྱུ་དང་། འབྲེལ་ཆགས་ཁུངས་སོ་སོས་ལག་བསྟར་ཐུབ་པ་ཁག་དང་། ལག་བསྟར་མ་ཐུབ་པ་རྣམས་ལ་མ་ཐུབ་པའི་རྒྱུ་མཚན་གསལ་བཤད་དགོས་རྒྱུ་ཞེས་ད་ལམ་གྲོས་ཚོགས་ཚོགས་དུས་ ༡༠ པའི་ཐོག་གཞུང་འབྲེལ་གྲོས་ཆོད་ཨང་ ༢༠༡༠།༡༤།༡༠།༤ འཁོད་པ་སྣོལ་འཇོག་གནང་དོན་ལྟར་སྤྱི་འཐུས་ལྷན་ཁང་དང་འབྲེལ་ཆགས་གཤམ་གསལ་དོན་ཚན་རྣམས་ལག་བསྟར་བྱེད་ཕྱོགས་སོགས་ཕྱི་ལོ་ ༢༠༡༠ ཕྱི་ཟླ་ ༡༢ ཚེས་ ༡༦།༡༧།༡༨ བཅས་སོ་སོར་སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་གནང་སྟེ་བཀའ་བསྡུར་ཞིབ་ལྷུག་གནང་བའི་མཐའ་དོན་ཐག་གཅོད་ཇི་བྱུང་གཤམ་གསལ།
ཆབ་སྲིད་དང་འབྲེལ་བའི་སྐོར།
༡༽སྤྱི་ནོར་༸་གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་བར་བོད་རྒྱལ་ཁབ་ཆེན་པོའི་དབུ་ཁྲིད་དང་།བོད་གཞུང་གི་དབུ་ཁྲིད་ཀྱི་ཐུགས་འགན་རྐང་བཞེས་གནང་བར་བོད་གཞིས་བྱེས་གཉིས་ཀྱི་ཚབ་ཞུས་ཏེ་བཀའ་དྲིན་བླ་མེད་དུ་ཆེ་ཞུ་བ་དང་སྦྲགས་མགོན་པོ་གང་གིས་ཕྱེད་བགྲེས་ཡོལ་ཡིན་པའི་སྐོར་བཀའ་སློབ་གནང་བ་དེས་གཞིས་བྱེས་བོད་མི་ཡོངས་ལ་ཟས་བཅུད་གཉིད་བྲལ་གྱི་བློ་འཚབ་ཧ་ཅང་ཆེན་པོ་ཡོང་བཞིན་པར་བརྟེན་དེ་འདྲའི་དགོངས་བཞེད་ནམ་ཡང་མི་བཞེད་པའི་མཚན་འཁོད་༸སྙན་ཞུ་ཚོགས་ཆེན་འདི་བརྒྱུད་ནས་འབུལ་རྒྱུ། ༼སྤྱི་མོས།༽
༡༽ཐག་གཅོད། གཞི་རྩའི་བོད་གཞུག་མང་རྒྱལ་ཡོངས་ཚོགས་ཆེན་གྱི་མཇུག་བསྡོམས་མཛད་སྒོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་སྙན་སྒྲོན་ཞུས་ཟིན་པ་དང་། ད་ལམ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཕྱེད་བགྲེས་ཡོལ་དང་བགྲེས་ཡོལ་བཅས་ཀྱི་དགོངས་བཞེས་མི་མཛད་པའི་མཚན་འཁོད་༸སྙན་ཞུ་ཞིག་ཚོགས་གཙོ་སྦྲེལ་པོ་༸སྙན་བཅར་གྱིས་འབུལ་ལམ་ཞུ་རྒྱུ་གནང་།
༢༽མང་གཙོའི་ལམ་སྲོལ་གྱི་བརྒྱུད་རིམ་ལག་བསྟར་ཐོག་བོད་རྒྱ་ཆེའི་མི་མང་གི་མངོན་འདོད་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྤྱི་མོས་གྲོས་ཆོད་རིམ་པའི་དགོངས་དོན་བོད་དོན་བདེན་མཐའ་གསལ་ཐབས་ཐད་འཚེ་མེད་ཞི་བའི་ལྟ་གྲུབ་ལ་གཞི་བཅོལ་བའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱལ་སྤྱི་དང་རྒྱ་ནག་གི་ཆབ་སྲིད་འགྱུར་འགྲོས་དང་བསྟུན་ནས་ཡེ་ཤེས་དབྱིངས་དཔྱད་ཀྱིས་ཐག་གཅོད་སྔར་མུས་བཞིན་གནང་སྐྱོང་ཡོང་བའི་གསོལ་འདེབས་ཞུ་རྒྱུ་དང་། ༸གོང་ས་མཆོག་གིས་ཐག་གཅོད་ཕྱག་བསྟར་ཇི་གནང་ལ་བློ་རྩེ་གཉིས་མེད་ཀྱིས་ཤར་བསྐྱོད་ཞུ་རྒྱུའི་དམ་བཅའ་བརྟན་པོ་ཞུ་རྒྱུ། ༼སྤྱི་མོས།༽
༢༽ཐག་གཅོད། ཕྱི་ལོ་ ༢༠༠༨ ལོར་བཅའ་ཁྲིམས་དགོངས་དོན་དམིགས་བསལ་ཚོགས་ཆེན་གྱི་རྒྱབ་གཉེར་སྙན་ཐོ་དང་། སྐབས་ ༡༤ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༩ པར་སྤྱི་མོས་ཀྱིས་གཏན་ལ་ཕབ་པའི་གྲོས་ཆོད་ཨང་ ༦༣ འཁོད་པ་ནང་གསལ་ལྟར་ལག་བསྟར་བྱེད་མུས།
༣༽བཙན་བྱོལ་བོད་གཞུང་གི་དབུ་མའི་ལམ་གྱི་སྲིད་བྱུས་སྒྲོམ་གཞིའི་འོག་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ནུས་པ་ཇེ་ཆེར་གཏོང་རྒྱུའི་ཐད། སྤྱིར་མང་ཚོགས་ནང་དབུ་མའི་ལམ་གྱི་གོ་རྟོགས་གོང་འཕེལ་འགྲོ་བཞིན་ཡོད་ནའང་ད་དུང་བཙན་བྱོལ་བོད་མིའི་སྤྱི་ཚོགས་སྤྱི་དང་ལྷག་པར་དུ་གཞོན་སྐྱེས། རྒྱ་མི་རིགས། རྒྱལ་སྤྱིའི་ནང་སྔར་ལྷག་གོ་རྟོགས་དང་ཁ་གསལ་ཡོང་སླད་བརྒྱུད་ལམ་འདྲ་མིན་ཐོག་བཀའ་སྤྱི་གཉིས་ཀྱི་གཙོས། ལས་ཀྱི་སྣེ་མོ་བ་རྣམ་པས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆབ་སྲིད་དང་ཁྲིམས་སྒྲིག་ཁག རྒྱལ་སྤྱིའི་ཆབ་སྲིད་འགྱུར་འགྲོས་བཅས་པར་དཔྱད་ཞིབ་ཀྱིས་མུ་མཐུད་གོ་རྟོགས་སྤེལ་གལ་ཆེ། ༼སྤྱི་མོས།༽
༣༽ཐག་གཅོད། སྤྱི་སྐབས་ ༡༤ པའི་ཚོགས་གཙོ་སྦྲེལ་པོས་སྤྱི་སྐབས་ ༡༥ པའི་ཚོགས་གཙོ་སྦྲེལ་པོར་ལས་དོན་བརྒྱུད་སྤྲོད་ཞུ་རྒྱུའི་ཁོངས་སུ་བཞག་སྟེ་མ་འོངས་པར་ས་བགོས་སྤྱི་འཐུས་རྣམ་པས་ཕྱག་ལེན་གནང་རྒྱུར་སྔོན་ལ་སྤྱི་འཐུས་གསར་ཕེབས་རྣམ་པར་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་ནས་ཟབ་སྦྱོང་འབུལ་རྒྱུ་དང་། དེ་མཚམས་སྤྱི་འཐུས་རྣམ་པ་མང་ཚོགས་སར་ཕེབས་ཏེ་གོ་རྟོགས་སྤེལ་གནང་རྒྱུ། ད་ལྟ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲ་རྒྱ་ཞིག་བཟོ་རྒྱུའི་གྲ་སྒྲིག་གནང་བཞིན་པ་ལྟར་སྤྱི་ལྷན་ཆབ་སྲིད་སྡེ་ཚན་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲངས་ཉུང་མི་རིགས་དང་འབྲེལ་ཆགས་ཁྲིམས་ཡིག་སོགས་ཡིག་ཆ་ཁག་ལ་ལྟ་ཞིབ་ཀྱིས་དྲ་རྒྱ་བརྒྱུད་གོ་རྟོགས་སྤེལ་རྒྱུ། དེ་བཞིན་ད་ཕན་གྲོས་ཚོགས་རིམ་པའི་ནང་དབུ་མའི་ལམ་དང་འབྲེལ་བའི་གྲོས་ཆོད་སོགས་ཐག་གཅོད་ཇི་ཡོད་རྣམས་ཕྱོགས་བསྒྲིགས་ཀྱིས་དཔར་སྐྲུན་དང་འབྲེལ་རྒྱ་ཁབ་ཏུ་འགྲེམས་སྤེལ་བྱ་རྒྱུ།
༤༽བོད་མིའི་འཐབ་རྩོད་ནི་བོད་ཀྱི་བདེན་མཐའ་གསལ་ཐབས་ཡིན་པས་བོད་མིའི་གཅིག་བསྒྲིལ་གྱི་ནུས་པ་འབུར་དུ་བཏོན་དགོས་གལ་ཆེ་བས། དབུ་མ་དང་། རང་བཙན་སོགས་ཀྱི་ལྟ་གྲུབ་གང་ཡིན་རུང་། ལྟ་གྲུབ་འཛིན་མཁན་དབར་ཕན་ཚུན་འགལ་ཟླ་ལྟག་སྤྲོད་ལྟ་བུ་མིན་པར། ཕྱོགས་ཕན་ཚུན་ཚང་མས་གུ་བཤངས་དང་། གུས་བརྩི་བྱ་དགོས་པ་དང་། ལྷག་པར་བོད་ཀྱི་གནས་བབ་ཛ་དྲག་སྐབས་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པས་རྩ་དོན་ཐད་ལས་དོན་ཇི་འདྲ་ཞིག་སྤེལ་ཡང་གཞུང་གི་ལམ་སྟོན་འོག་ངོ་བོ་གཅིག་དང་འབོད་སྒྲ་གཅིག་གི་ཐོག་ནས་གནང་དགོས། ༼སྤྱི་མོས།༽
༤༽ ཐག་གཅོད། ༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་གིས་ལས་འགུལ་སྤེལ་སྐབས་དེ་ལྟར་ཡོང་ཐབས་བྱས་ཡོད་པ་དང་། སླད་ཕྱིན་ཀྱང་དེ་བཞིན་ཡོང་ཐབས་ཀྱི་འབད་བརྩོན་བྱ་རྒྱུ།
༥༽བཙན་བྱོལ་བོད་གཞུང་འདི་ཉིད་ཁྲིམས་མཐུན་གྱི་ལོ་རྒྱུས་ལྡན་པའི་གཞུང་ཞིག་ཡིན་པ་དང་། ༸གོང་ས་མཆོག་ནི་བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་མིའི་ལོ་རྒྱུས་ལྡན་པའི་དབུ་ཁྲིད་ཡིན་པས། བཙན་བྱོལ་བོད་གཞུང་འདི་ཉིད་བོད་མིའི་ངོ་ཚབ་མཚོན་པའི་ཁྲིམས་མཐུན་གྱི་བཙན་བྱོལ་སྒྲིག་འཛུགས་ཤིག་ཡིན་པར་རྒྱ་མི་རིགས་གཙོས་པའི་རྒྱལ་སྤྱིའི་ནང་ངོ་སྤྲོད་བྱ་དགོས། ༼སྤྱི་མོས།༽
༥༽ ཐག་གཅོད། ངོ་སྤྲོད་བྱས་དང་བྱེད་མུས།
༦༽རང་རེའི་ལས་ཀྱི་སྣེ་མོར་གཏོགས་པས་གཙོས་རྒན་རབས་ཚོས་མིག་དཔེ་བཟང་པོ་བསྟན་པའི་ཐོག་བཙན་བྱོལ་སྒྲིག་འཛུགས་སྤྱི་དང་། ལྷག་པར་བོད་རིགས་གཞོན་སྐྱེས་ཚོར་བོད་རྒྱལ་ཁབ་ཀྱི་ལ་རྒྱ་དང་། མི་རིགས་ཀྱི་ལར་ཞེན་སོགས་རང་དོན་སྤངས་ཏེ་སྤྱི་དོན་སྒྲུབ་ཐབས་ཀྱི་རྒྱལ་གཅེས་སློབ་གསོ་དུས་ནས་དུས་སུ་སྤེལ་དགོས་པ་དང་། བཙན་བྱོལ་བོད་གཞུང་གི་མཛད་གཙོ་རྣམས་བཙན་བྱོལ་བོད་མིའི་གནས་སྡོད་ས་ཁུལ་ཁག་ལ་གང་མང་བསྐོར་བསྐྱོད་འཚམས་གཟིགས་དང་འབྲེལ་རང་གཞུང་གི་སྲིད་བྱུས་བྱེད་སྒོ་ལམ་སྟོན་ངོ་སྤྲོད་གནང་དགོས་ཐོག་གཞུང་འབྲེལ་ཚགས་དེབ་དང་གལ་ཆེའི་གསལ་བསྒྲགས་ཁག་མང་ཚོགས་ལ་གང་མང་འགྲེམས་སྤེལ་ཐུབ་པ་གནང་དགོས། ༼སྤྱི་མོས།༽
༦༽ཐག་གཅོད། འདས་པའི་ལོ་གཉིས་རིང་སྤྱི་འཐུས་རྣམ་པ་ས་བགོས་ཀྱིས་བོད་མིའི་འདུ་སྡོད་གང་སར་ཕེབས་ཏེ་སྔར་ལས་མང་བ་ཕྱོགས་བསྐྱོད་ཀྱིས་གོང་གསལ་གྱི་གནད་དོན་ཁག་ཐོག་སློབ་གསོ་དང་ལམ་སྟོན་གནང་བཞིན་པ་དང་། ད་དུང་སྔར་ལྷག་གནང་རྒྱུ།
༧༽བཙན་བྱོལ་བོད་མི་གནས་ཡུལ་ས་གནས་སམ་རྒྱལ་ཁབ་སོ་སོའི་ཡུལ་མི་དང་འབྲེལ་ལམ་དམ་ཟབ་གནང་དགོས་ཐོག གནས་ཡུལ་སོ་སོའི་ཡུལ་སྐད་དང་། ཡུལ་ཁྲིམས། རིག་གཞུང་བཅས་ལ་གུས་བརྩི་ཞུ་དགོས་གལ་དང་། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་ནུས་པ་གོང་འཕེལ་གཏོང་རྒྱུ། བོད་དོན་རྒྱབ་སྐྱོར་ཚོགས་པའམ་མཛའ་འབྲེལ་ཚོགས་པ་མེད་སར་གསར་འཛུགས་གནང་རྒྱུ་བཅས་ཀྱི་ཐད་བཙན་བྱོལ་བོད་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ནས་སྔར་ལྷག་འབད་བརྩོན་གནང་དགོས། ༼སྤྱི་མོས།༽
༧༽ ཐག་གཅོད། རང་རེའི་སྤྱི་ཚོགས་ཀྱི་ད་ལྟའི་གནས་སྟངས་དང་མཐུན་པའི་ཡུལ་ཁྲིམས་དང་འབྲེལ་བའི་ལམ་སྟོན་ཡིག་ཆ་ཞིག་བཟོ་ཐབས་ཡོང་བ་ཞེས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་འབོད་སྐུལ་ཞུ་རྒྱུ་དང་། རིག་གཞུང་དང་ཡུལ་སྐད་སྐོར་སྤྱི་འཐུས་རྒྱུན་ལས་འཛིན་སྐྱོང་རྟོག་ཞིབ་སྡེ་ཚན་ནས་བཟོ་ཐབས་བྱ་རྒྱུ། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་ནུས་པ་གོང་འཕེལ་དང་།བོད་དོན་རྒྱབ་སྐྱོར་ཚོགས་པའམ་མཛའ་འབྲེལ་ཚོགས་པ་མེད་སར་གསར་འཛུགས་གནང་ཕྱོགས་བཅས་ཀྱི་ཐད་ཆབ་སྲིད་སྡེ་ཚན་ནས་ལས་འཆར་འགོད་ཐབས་བྱ་རྒྱུ། སྙན་ཐོའི་དོན་ཚན་འདི་སྐོར་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ནས་ཕྱག་བསྟར་དགོས་པའི་འབོད་སྐུལ་གསལ་བསྒྲགས་གསར་ལམ་བརྒྱུད་བཏང་ཟིན་པ་དང་། ད་དུང་ཡང་གསལ་བསྒྲགས་ཀྱི་ངོ་བཤུས་རེ་ཚོགས་པ་ཁག་སོ་སོར་འབུལ་རྒྱུ།
༨༽རྒྱལ་ཁབ་དང་མི་རིགས་ཀྱི་ངོས་འཛིན་སྲ་བརྟན་ཆེད། ཆིག་བསྒྲིལ་གྱི་ཉིན་མོ་སྲུང་བརྩི་བྱ་གལ། ༼སྤྱི་མོས།༽
༨༽ཐག་གཅོད། བཀའ་སྤྱི་ལྷན་འཛོམས་ཀྱིས་བཀའ་བསྡུར་གནང་རྒྱུ།
༩༽ཅི་སྟེ་དུས་ཚེས་ངེས་ཅན་ནང་བོད་རྒྱ་གཉིས་ཕན་གྱི་གྲུབ་འབྲས་ཁ་གསལ་ཞིག་མ་བྱུང་ཚེ་དེ་བསྟུན་སྲིད་བྱུས་ཤིག་ད་ལྟ་ནས་གྲ་སྒྲིག་གནང་འོས་གནང་གལ་ཆེ། ༼རྒྱབ་སྐྱོར་ ༡༡༤ དགག་ཆ་ ༤༦།༽
༩༽ ཐག་གཅོད། དེ་སྔོན་སྤྱི་འཐུས་རྣམ་པ་ནང་ཁུལ་ལྷན་ཚོགས་ཐེངས་གཉིས་ཙམ་གནང་སྐབས་བཀའ་བསྡུར་བྱུང་ཡོད་ཅིང་། ད་ལྟའི་ཆར་རེ་བ་བྱེད་བཞིན་པའི་གནས་སྐབས་ཡིན་པ་དང་། རེ་བ་བྱས་པ་ལྟར་རེ་འབྲས་སོན་ཐབས་མེད་པའི་གནས་སྟངས་སུ་གྱུར་ཚེ་སྤྱི་འཐུས་ལྷན་ཚོགས་ནས་སྐབས་བསྟུན་དགོངས་བཞེས་ངེས་པར་གནང་དགོས་ཆགས་རྒྱུ།
༡༠༽ཐབས་ལམ་སྣ་ཚོགས་བརྒྱུད་ནས་བོད་ནང་གི་རྒྱལ་གཅེས་ལས་འགུལ་བ་དང་། བླ་མ་དང་མཁན་པོ། གྲྭ་བཙུན། རྩོམ་པ་པོ། གཞས་པ་སོགས་ཀྱི་བྱས་རྗེས་རྣམས་ལ་རྗེས་སུ་ཡི་རངས་དང་རྒྱབ་སྐྱོར་བྱ་རྒྱུར་མུ་མཐུད་ཤུགས་སྣོན། དེ་བཞིན་བོད་ནང་གི་རྒྱལ་གཅེས་བརྩམས་ཆོས་དང་། སྒྲ་ཐག་ལ་སོགས་པ་བཙན་བྱོལ་བོད་གཞུང་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་ནས་དཔར་བསྐྲུན་གྱིས་གོང་འཕེལ་གཏོང་དགོས། ༼སྤྱི་མོས།༽
༡༠༽ཐག་གཅོད། བོད་ནང་ཆབ་སྲེིད་སོགས་ཀྱི་ལས་འགུལ་སྣ་ཚོགས་དང་འབྲེལ་བ་ཡོད་པ་ཚོར་ཆེ་མཐོང་སྤྲོད་བཞིན་པ་མ་ཟད། ལྷག་དོན་ཕྱི་ལོ་ ༢༠༠༨ ཚུན་བོད་ནང་བོད་དོན་ཐོག་ལས་འགུལ་དང་འབྲེལ་བ་ཡོད་པ་བཙན་བྱོལ་དུ་འབྱོར་ཟིན་པ་ཚོར་སྤྱི་ལྷན་ནས་སྣེ་ལེན་མཚམས་སབྱོར་ཞུས་དང་ཞུ་མུས། དེ་བཞིན་བོད་ནང་གི་རྒྱལ་གཅེས་བརྩམས་ཆོས་དང་། སྒྲ་ཐག་སོགས་གཞུང་ཕྱོགས་ནས་དཔར་འདེབས་ཞུ་ཕྱོགས་སྣང་མེད་དུ་སྐྱུར་འཇོག་མ་ཡིན་པར་རྒྱབ་སྐྱོར་ཞུ་དགོས་རིགས་ཞུ་རྒྱུ།
༡༡༽རྒྱ་ནག་གཞུང་ནས་ ༢༠༠༧ ལོར་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་བྱ་ཐབས་ཀྱི་ཡིག་ཆ་ཨང་ ༥ པ་ཞེས་པའི་ཁྲིམས་ཡིག་གཏན་འབེབས་ཡིག་ཆ་དེར་བཙན་བྱོལ་བོད་གཞུང་ནས་ངོས་ལེན་མེད་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ཟིན་པ་ལ་ཚོགས་ཆེན་འདིའི་ཐོག་ནས་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ། རྒྱ་ནག་གཞུང་གིས་ཆབ་སྲིད་དགོས་མཁོ་ལྟར་སྡེ་དྲུག་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་བྱས་པར་ངོ་རྒོལ་མཐའ་གཅིག་ཏུ་ཞུ་རྒྱུ་དང་། མ་འོངས་པར་ཡང་བྱེད་སྟངས་དེ་རིགས་ལ་ངོས་ལེན་རྩ་བ་ཉིད་ནས་མེད་པའི་ལས་འགུལ་བརྩམ་དགོས། ༼སྤྱི་མོས།༽
༡༡༽ཐག་གཅོད། འདི་རིགས་ཀྱི་གནས་ཚུལ་ཐོན་སྐབས་སོ་སོར་ངོ་རྒོལ་དང་། བསྒྲགས་གཏམ་སོགས་ལས་འགུལ་སྤེལ་འོས་སྐབས་མཚམས་སོ་སོར་སྤེལ་རྒྱུ།
༡༢༽ད་ལྟ་རྒྱ་གཞུང་གིས་ཕྱི་རྒྱལ་དོན་གཅོད་ཁག་ཏུ་བོད་དོན་རྒྱུས་ཅན་མི་སྣ་བཀོད་སྒྲིག་བྱས་ཏེ། བོད་པའི་སྤྱི་ཚོགས་ནང་འཛུལ་ཐབས་ཀྱིས་དཀྲུག་ཤིང་དབྱེན་སབྱོར་བྱ་ཐབས་དང་། ཕྱིར་གཏོང་རྒྱ་མིའི་སློབ་ཕྲུག་ཁག་ལ་བོད་དོན་འཁྱོག་བཤད་ཀྱི་དྲིལ་བསྒྲགས་ཡིག་ཆ་ཤུགས་ཆེ་སྤེལ་བཞིན་པར་གདོང་ལེན་གྱི་སྲིད་བྱུས་གཏན་འབེབས་གནང་གལ། ༼སྤྱི་མོས།༽
༡༢༽ཐག་གཅོད། བཀའ་སྤྱི་ལྷན་ཚོགས་ཀྱིས་བཀའ་བསྡུར་གནང་རྒྱུ།
༡༣༽རྒྱལ་སྤྱིའི་ཁྲིམས་ཀྱི་དགོངས་དོན་བཙན་འཛུལ་བྱས་པའི་ཡུལ་གྲུ་ཞིག་ལ་མི་འབོར་གནས་སྤོས་བྱས་མི་ཆོག་པ་གསལ་ཡོད་ཀྱང་། རྒྱ་ནག་གི་གཡོ་སྒྱུའི་སྲིད་བྱུས་སྣ་ཚོགས་ཐོག་རྒྱ་མི་འབོར་ཆེན་བོད་ལ་གནས་སྤོས་ཀྱིས་བོད་མི་རིགས་རྩ་བརླག་ཏུ་གཏོང་བ་དང་། བོད་ཀྱི་རྩ་ཆེའི་ཆོས་དང་རིག་གཞུང་། སྐད་ཡིག ཁོར་ཡུག་རྩ་གཏོར་བཏང་དང་གཏོང་བཞིན་པ་ལ་ངོ་རྒོལ་གྱི་ཆབ་སྲིད་བསྒྲགས་གཏམ་ཞིག་སྤེལ་དགོས། ༼སྤྱི་མོས།༽
༡༣༽ཐག་གཅོད། རྒྱ་ནག་གི་གཡོ་སྒྱུའི་སྲིད་བྱུས་སྣ་ཚོགས་འོག་རྒྱ་མི་འབོར་ཆེན་བོད་ལ་གནས་སྤོས་ཀྱིས་བོད་མི་རིགས་རྩ་བརླག་ཏུ་གཏོང་ཐབས་དང་། བོད་ཀྱི་རྩ་ཆེའི་ཆོས་དང་རིག་གཞུང་།སྐད་ཡིག ཁོར་ཡུག་བཅས་རྩ་གཏོར་བཏང་དང་གཏོང་བཞིན་པར་ངོ་རྒོལ་གྱི་གཏམ་བཤད་དང་བསྒྲགས་གཏམ་རིམ་པ་སྤེལ་ཡོད་པ་དང་། རྗེས་སུའང་དེ་རིགས་ལ་ངོ་རྒོལ་གྱི་ལས་འགུལ་དང་བསྒྲགས་གཏམ་སོགས་ཇི་དགོས་སྐབས་མཚམས་སོ་སོར་སྤེལ་རྒྱུ།
༡༤༽སྤྱི་འཐུས་རྣམ་པས་གཙོས་གཞུང་ཞབས་ལས་བྱེད་རྣམས་གཞུང་འབྲེལ་ཆབ་སྲིད་ལས་འགུལ་ནང་མཉམ་ཞུགས་བྱ་དགོས། ༼དགག་ཆ་ ༤ ཚད་མཐོའི་མང་མོས།༽
༡༤༽ཐག་གཅོད། གཞུང་འབྲེལ་ཆབ་སྲིད་ལས་འགུལ་ནང་མཉམ་ཞུགས་བྱས་དང་བྱེད་མུས་ཡིན།
༡༥༽༸གོང་ས་མཆོག་གི་དགོངས་གཞི་དབུ་མའི་ལམ་གྱི་ལྟ་གྲུབ་སྲིད་བྱུས་ཀྱི་རིག་པའི་གཞུང་ལུགས་འདི་བཞིན་བོད་རིགས་གཞོན་སྐྱེས་གྲངས་འབོར་ངེས་ཅན་ཞིག་ལ་གཏིང་ཚུགས་པའི་སློབ་གསོ་སྤྲད་དེ་སྤྱི་ཚོགས་ནང་དབུ་མའི་ལམ་གྱི་ལྟ་གྲུབ་གོ་རྟོགས་སྤེལ་བར་འབད་བརྩོན་གནང་གལ། ༼སྤྱི་མོས།༽
༡༥༽ ཐག་གཅོད། བཀའ་སྤྱི་ལྷན་ཚོགས་ཀྱིས་བཀའ་བསྡུར་གནང་རྒྱུ།
༡༦༽བོད་ནང་རྒྱ་ནག་གཞུང་གིས་སྐྱེ་སྒོ་བཀག་པའི་སྲིད་བྱུས་བཙན་པོ་དབང་ཡོད་ཀྱིས་ལག་བསྟར་དང་།རང་དབང་ལུང་པའི་ནང་བཙན་བྱོལ་དུ་འབྱོར་བའི་བོད་རིགས་སྤྱི་ཚོགས་ནང་དཔལ་འབྱོར་གྱི་ཁག་དཀྲི་བྱེད་པ་དང་བསམ་སྤྱོད་ལ་འགྱུར་ལྡོག་སོགས་ཀྱི་རྐྱེན་པས་བོད་མིའི་མི་འབོར་ལོ་རེ་ནས་ལོ་རེར་ཉམས་ཆག་ཏུ་འགྲོ་བཞིན་པའི་ཛ་དྲག་གི་གནས་སུ་གྱུར་ཡོད། རང་ཅག་གངས་ཅན་པའི་ཆབ་སྲིད་བརྟན་ལྷིང་རྒྱུན་གནས་ཡོང་བ་དང་མི་རིགས་འཕེལ་རྒྱས་ཡོང་སླད་རྒྱ་གཞུང་གིས་སྲིད་བྱུས་ངན་པ་དེར་ངོ་རྒོལ་དང་།བཙན་བྱོལ་བོད་གཞུང་གི་བཙན་བྱོལ་བོད་མིའི་མི་འབོར་འཕེལ་རྒྱས་ཡོང་སླད་སྲིད་བྱུས་སམ་ལས་འཆར་ཞིག་གསར་བཟོ་གནང་དགོས་གལ་དང་། ཆབས་ཅིག་ཕྲུ་གུ་མང་བ་རྣམས་ལ་དམིགས་བསལ་བལྟ་རྟོག་དང་རོགས་མགོན་གནང་དགོས། ༼སྤྱི་མོས།༽
༡༦༽ཐག་གཅོད། བཀའ་སྤྱི་ལྷན་ཚོགས་ཀྱིས་བཀའ་བསྡུར་གནང་རྒྱུ།
༡༧༽བཙན་བྱོལ་དུ་འབྱོར་མ་ཐག་གནས་མཆོག་རྡོ་རྗེ་གདན་དུ་ཆོལ་གསུམ་བོད་མི་ཡོངས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཆོལ་གསུམ་བོད་མི་ཡོངས་རྫོགས་མཐུན་ལམ་རྡོག་རྩ་གཅིག་བསྒྲིལ་ལྕགས་ཀྱི་གོང་བུ་ལྟ་བུ་བྱ་རྒྱུའི་མནའ་གན་མཐུ་མོ་ཆེ་ཕུལ་བ་བཞིན་ཆོལ་གསུམ་སེར་སྐྱ་མི་མང་ཡོངས་ནས་ཕྱོགས་ལྷུང་འཐེན་འཁྱེར་སྤངས་ཏེ་མཐུན་ལམ་རྡོག་རྩ་གཅིག་བསྒྲིལ་ལྕགས་ཀྱི་གོང་བུ་ལྟ་བུ་གནང་དགོས་གལ། ༼སྤྱི་མོས།༽
༡༧༽ཐག་གཅོད། རང་གཞན་ཚང་མས་དེ་དོན་ལག་ལེན་བསྟར་ཐུབ་པ་བྱ་དགོས།
༡༨༽བོད་པའི་སྤྱི་མཐུན་བསོད་ནམས་གསོག་སླད་ཉ་སྟོང་བརྒྱད་གསུམ་ལ་དམར་ཟས་སྤང་རྒྱུ་དང་། རྩ་དོན་ཐོག་བོད་མི་ཚང་མའི་བསམ་སྤྱོད་གཅིག་གྱུར་གནང་གལ། ༼སྤྱི་མོས།༽
༡༨༽ཐག་གཅོད། རང་གཞན་ཚང་མས་ཉམས་ལེན་གནང་དགོས་ཤིག་ཡིན་པ་ལྟར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཀྱང་གོ་སྐབས་ནམ་བྱུང་དུ་མང་ཚོགས་ལ་སློབ་གསོ་གནང་རྒྱུ།
༡༩༽བླ་སྤྲུལ་དང་མཁན་པོ། དགེ་བཤེས་རྣམས་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་སྤྱི་དང་། ལྷག་པར་རྒྱུན་དུ་འབྲེལ་འདྲིས་དཀོན་པའི་རྒྱལ་ཁབ་རྣམས་སུ་གསུང་ཆོས་བསྩལ་ཞོར་དུ་བོད་གཞུང་གི་སྲིད་བྱུས་ལངས་ཕྱོགས་རྣམས་ངོ་སྤྲོད་གནང་བར་དགེ་མཚན་ཤིན་ཏུ་ཆེན་པོ་ཡོད་པས་རང་གཞུང་ནས་ཁོང་རྣམས་ལ་དེ་དག་གང་མང་གནང་དགོས་པའི་འབོད་སྐུལ་གནང་གལ། དེ་བཞིན་རྒྱ་གར་འཕགས་པའི་ཡུལ་གྱི་གཙོས་ནང་པའི་ཆོས་རྒྱུད་འཛིན་པ་རྣམས་དང་། ཕྱི་རྒྱལ་ཡུལ་གྲུ་གང་སའི་ཆོས་བྱེད་མི་སྣ་རྣམས་ལའང་དེ་ལྟ་བུའི་ངོ་སྤྲོད་གནང་དགོས་གལ། ༼སྤྱི་མོས།༽
༡༩༽ཐག་གཅོད། སྙན་ཐོའི་ནང་དོན་ལྟར་དགོན་སྡེ་སོ་སོར་བླ་སྤྲུལ་མཁན་པོ་རྣམ་པ་སོགས་ལ་འབོད་སྐུལ་གནང་སྐྱོང་ཡོང་བ་ཞེས་ཞུ་ཆེད་ཆོས་རིག་ལས་ཁུངས་ནས་རང་རེའི་དགོན་སྡེ་ཡོངས་ཀྱི་ཞལ་བྱང་བླངས་ཏེ་ཁུངས་སོ་སོར་འབོད་སྐུལ་ཞུ་རྒྱུ།
༢༠༽རྒྱ་ནག་གཞུང་གིས་ཏཱ་ལའི་རུ་ཚོགས་སོགས་ཀྱི་འོག་ནས་༸གོང་ས་མཆོག་ལ་བསམ་ཡུལ་ལས་འདས་པའི་མཚན་སྨད་སྐུར་འདེབས་ཀྱི་བསྒྲགས་གཏམ་དང་། ཡིག་ཆ་འདྲ་མིན་སྣ་ཚོགས་ཐོན་བཞིན་པ་དེ་དག་ལ་དུས་ནས་དུས་སུ་སྤྱི་སྒེར་སུ་རུང་ནས་ལན་འདེབས་ཚ་ནན་གནང་དགོས། ༼སྤྱི་མོས།༽
༢༠༽ ཐག་གཅོད། རང་གཞུང་བཀའ་ཤག་གིས་ལན་འདེབས་ཚོགས་ཆུང་ཟུར་འཛུགས་དང་འབྲེལ་ཕྱག་ལེན་གནང་དང་གནང་བཞིན་ཡོད་པ་དང་། སྤྱི་འཐུས་ལྷན་ཚོགས་ནས་ཀྱང་དེ་རིགས་ལ་ཐུགས་སྣང་གིས་ལན་འདེབས་དགོས་རིགས་ལ་སྐབས་མཚམས་སོ་སོར་ལན་འདེབས་གནང་རྒྱུ།
༢༡༽གཞིས་ལུས་རྒྱ་ཆེ་མང་ཚོགས་ཡོངས་ཀྱིས་སོ་སོའི་རྒྱལ་ཁབ་དང་། མི་རིགས་ཀྱི་དོན་དུ་གཅེས་པའི་རང་སྲོག་དང་བཅས་པ་བློས་བཏང་གིས་རྒྱལ་ཞེན་དང་སེམས་ཤུགས་ལ་རྗེས་སུ་ཡི་རངས་དང་བསྔགས་བརྗོད་ཞུ་བ་དང་སྦྲགས། ད་ལྟ་རྒྱ་ནག་གཞུང་གི་བཙོན་ཁང་ཁག་གི་ནང་ཡོད་བཞིན་པའི་ཆབ་སྲིད་བཙོན་པ་རྣམས་གང་མྱུར་གློད་བཀྲོལ་ཡོང་ཐབས་སྔར་ལྷག་འབད་བརྩོན་གནང་རྒྱུ་དང་། ཆབ་སྲིད་བཙོན་ཟུར་རྣམས་ལ་བཙན་བྱོལ་གཞུང་ནས་གཟིགས་སྐྱོང་མི་དམན་པ་གནང་དང་གནང་བཞིན་པ་དེ་ལྟར་ཡང་། ད་དུང་ཡང་ཁོང་རྣམས་ལ་གཟིགས་སྐྱོང་གང་གཟབ་གནང་དགོས་གལ། ༼དགག་ཆ་ ༢ ཚད་མཐོའི་མང་མོས་༽
༢༡༽ཐག་གཅོད། བཀའ་སྤྱི་ལྷན་ཚོགས་ཀྱིས་བཀའ་བསྡུར་གནང་རྒྱུ།
མང་གཙོ་འཕེལ་རྒྱས་དང་འབྲེལ་བའི་སྐོར།
༡༽བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མིའི་འཕྲལ་ཕུགས་ཀྱི་དམིགས་ཡུལ་གཞི་རྩར་བཟུང་ཐོག བོད་མི་རྣམས་བཙན་བྱོལ་དུ་འབྱོར་མ་ཐག་པ་ནས་གཞུང་སྲིད་ལམ་ལུགས་དེ་བོད་ཀྱི་ཐུན་མོང་མ་ཡིན་པའི་ལེགས་བྱང་དང་། དེང་དུས་ཀྱི་མང་གཙོའི་རྣམ་གཞག་དང་མཐུན་པའི་སྒོ་ནས་བོད་མི་རྣམས་བཙན་བྱོལ་དུ་འདས་པའི་ལོ་ ༥༠ ནང་མང་གཙོ་ཚད་ལྡན་གྱི་བཙན་བྱོལ་གཞུང་བསྐྲུན་གནང་མཛད་པ་དང་། བཙན་བྱོལ་སྤྱི་ཚོགས་གཞན་དང་མི་འདྲ་བ་ཞིག་གྲུབ་པ་ལ་བོད་གཞིས་བྱེས་གཉིས་ཀྱི་བོད་མི་ཚོས་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་དང་། མ་འོངས་པར་ཡང་མང་གཙོ་འཕེལ་རྒྱས་གཏོང་རྒྱུའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མུ་མཐུད་བཀའ་སློབ་དུས་ནས་དུས་སུ་ཡོང་བའི་གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུ། ༼སྤྱི་མོས།༽
༡༽ཐག་གཅོད། བཙན་བྱོལ་བོད་མིའི་མང་གཙོ་དབུ་བརྙེས་ཏེ་མི་ལོ་ཧྲིལ་པོ་ ༥༠ ཐམ་པ་འཁོར་བའི་དུས་ཆེན་དང་སྟབས་བསྟུན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བསྟན་འགྲོའི་དོན་ཆེན་སླད་༸སྐུ་ཚེ་༸ཞབས་པད་ཡུན་དུ་བརྟན་པ་དང་བཀྲིན་རྗེས་དྲན་སླད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་བརྟན་བཞུགས་བསྟར་འབུལ་དང་། གསེར་གྱི་གཟེངས་རྟགས་འབུལ་ལམ་བཅས་ཞུས་ཐོག སྙན་ཐོའི་དོན་གསལ་གྱི་མཚན་འཁོད་༸སྙན་ཞུ་ཡང་འབུལ་ལམ་ཞུས་ཟིན་ཡོད།
༢༽སྤྱིར་མང་གཙོའི་སྒྲོམ་གཞིའི་ནང་མི་མང་གི་མངོན་འདོད་གཙོ་བཟུང་བྱ་དགོས་པ་དང་། ཡང་སྒོས་གང་ཟག་གི་དབང་བསྒྱུར་ལས་ཁྲིམས་ཀྱི་དབང་བསྒྱུར་གལ་འགངས་ཆེ་བར་བརྟེན། བཀའ་སྤྱི་གཉིས་གཙོས་ལས་ཀྱི་སྣེ་མོ་བས་མང་ཚོགས་ལ་བཅའ་ཁྲིམས་གཙོ་གྱུར་སྒྲིག་གཞི་ཁག་གི་སྐོར་དང་། མང་གཙོའི་སྐོར་གོ་རྟོགས་རྒྱ་ཆེ་སྤེལ་དགོས་པ་མ་ཟད། གལ་ཆེའི་ཁྲིམས་སྒྲིག་ཁག་སྐད་ཡིག་གཞན་ནང་ཕབ་བསྒྱུར་ཞུ་ཐབས་ཞུ་དགོས། ༼སྤྱི་མོས།༽
༢༽ཐག་གཅོད། བཅའ་ཁྲིམས་དང་། སྒྲིག་གཞི་ཁག་གི་སྐོར་དང་། མང་གཙོའི་སྐོར་བཅས་སྤྱི་འཐུས་རྣམ་པ་གཞུང་འབྲེལ་ཕྱོགས་ཕེབས་སྐབས་སོ་སོར་མང་ཚོགས་ལ་གོ་རྟོགས་སྤེལ་དང་སྤེལ་བཞིན་པ་དང་། ད་ཕན་བཅའ་ཁྲིམས་གཙོས་སྒྲིག་གཞི་རེ་ཟུང་སྐད་ཡིག་གཞན་ཐོག་ཕབ་བསྒྱུར་ཡོད་པ་དང་། ད་དུང་སྒྲིག་གཞི་ཁག་སྐད་ཡིག་གཞན་ཐོག་བསྒྱུར་ཐབས་གནང་རྒྱུ།
༣༽ས་གནས་འཐུས་ཚོགས་བཙུགས་ཟིན་པ་རྣམས་ཀྱི་ལས་དོན་ཚགས་ཚུད་ཡོང་ཐབས་སུ་དུས་ནས་དུས་སུ་དགོས་ངེས་ཟབ་སྦྱོང་སྤྲོད་དགོས་པ་དང་། སྦེལ་ཀོབ་ལྟ་བུའི་ས་གནས་སུ་ས་འཐུས་མེད་སར་བཅའ་ཁྲིམས་དགོངས་དོན་ས་འཐུས་འཛུགས་ཐུབ་པ་བྱ་དགོས། ༼སྤྱི་མོས།༽
༣༽ ཐག་གཅོད། དེ་སྔོན་ལོ་ཤས་ནང་ཟབ་སྦྱོང་རྒྱུན་མཐུད་གནང་ཡོད་པ་དང་། སྤྱི་འཐུས་རྣམ་པ་ས་བགོས་ལྟར་ས་གནས་སོ་སོར་ཕེབས་སྐབས་ཀྱང་ཟབ་སྦྱོང་དགོས་གལ་སྐོར་ལམ་སྟོན་གནང་ཡོད། དུང་ས་གནས་སོ་སོས་རེ་སྐུལ་བྱུང་བསྟུན་ཟབ་སྦྱོང་འབུལ་ཐབས་གནང་རྒྱུ། སྤྱི་ལྷན་ནས་ས་འཐུས་མེད་སར་ས་འཐུས་འཛུགས་ཐབས་འབད་བརྩོན་བྱས་ཡོད་པ་མ་ཟད་འཛུགས་དགོས་ཧ་ཅང་གལ་ཆེར་བརྩི་ཡི་ཡོད། ས་གནས་སོ་སོར་ས་འཐུས་འཛུགས་མ་ཐུབ་པའི་རྒྱུ་རྐྱེན་དཀའ་ངལ་གནས་སྟངས་མི་འདྲ་བ་ཇི་ཡོད་ས་གནས་འོས་བསྡུའི་འགན་འཛིན་སོ་སོ་ནས་ཞིབ་འཇུག་གནང་དགོས་བཀོད་ཁྱབ་ཡོང་བའི་འོས་བསྡུ་ལས་ཁང་དུ་ཕྱག་བྲིས་འབུལ་རྒྱུ་དང་། འོས་བསྡུ་ལས་ཁང་བརྒྱུད་ས་གནས་འོས་བསྡུའི་འགན་འཛིན་སོ་སོ་ནས་ཞིབ་འཇུག་གནང་བའི་སྙན་ཐོ་སོ་སོར་གཟིགས་ཞིབ་དང་འབྲེལ་མ་འོངས་པར་གནང་ཕྱོགས་ཇི་དགེ་གཟིགས་རྒྱུ།
༤༽བོད་མི་འདུས་སྡོད་ས་གནས་ཁག་གི་ས་གནས་འགོ་འཛིན་མི་མང་ནས་ཐད་ཀར་འོས་འདེམས་བྱ་ཐུབ་པ་བྱེད་དགོས། ༼སྤྱི་མོས།༽
༤༽ཐག་གཅོད། ས་གནས་འགོ་འཛིན་མི་མང་ནས་ཐད་ཀར་འོས་འདེམས་དགོས་གལ་སྐོར་སྤྱི་འཐུས་རྣམ་པ་འཚམས་གཟིགས་སུ་ཕེབས་སྐབས་སློབ་གསོ་གོ་བསྐོན་གཟབ་ནན་གནང་རྒྱུ་དང་།བཅའ་ཁྲིམས་དགོངས་དོན་ལྟར་ས་གནས་འགོ་འཛིན་ས་གནས་རང་ཁོངས་མང་ཚོགས་ཁོངས་ནས་ཡོང་དགོས་པའི་དགེ་མཚན་སྐོར་ས་གནས་འཐུས་ཚོགས་རྣམས་ལ་ངོ་སྤྲོད་དང་འབྲེལ་དེའི་ཐད་ས་གནས་འཐུས་ཚོགས་སོ་སོས་འགན་འཁུར་ཆེ་ཙམ་ལེན་དགོས་པའི་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ་ ༢༠༡༠ སྙན་ཐོའི་དགོངས་དོན་དྲངས་ཏེ་གནས་རྒྱ་གནང་རྒྱུ།
༥༽བོད་རང་དབང་བདེན་པའི་ལས་འགུལ་ཚོགས་ཆུང་མེད་པའི་ས་གནས་ཁག་ཏུ་བཅའ་ཁྲིམས་དགོངས་དོན་འཛུགས་ཐུབ་པ་བྱ་དགོས། ༼སྤྱི་མོས།༽
༥༽ཐག་གཅོད། བཅའ་ཁྲིམས་དོན་ཚན་ ༦༠ པའི་ནང་གསེས་ ༤ པར་གྲོས་ཚོགས་ཚོགས་དུས་རྗེས་མར་གཞུང་འབྲེལ་བསྐྱར་བཅོས་འཆར་ཟིན་ཞིག་བཟོས་ཏེ་དེའི་ཐོག་བཀའ་བསྡུར་གྱིས་བསྐྱར་བཅོས་ཡོང་ཐབས་བྱ་རྒྱུ།
༦༽ འབྱུང་འགྱུུར་བཀའ་སྤྱིའི་འོས་བསྡུ་ཆེན་མོའི་སྐབས་བོད་མི་ཡོངས་ནས་རང་དོན་རང་གཅེས་ཀྱིས་དངོས་སུ་ཆ་ཤས་བཞེས་དགོས་པ་དང་། དེ་ཡང་རང་གི་མང་གཙོའི་ལས་འགན་དང་ཐོབ་ཐང་ལོངས་སུ་སྤྱད་པའི་ཐོག་ནས་བཀའ་བློན་ཁྲི་པ་དང་། སྤྱི་འཐུས་རྣམས་ཤེས་འཇོན་གཉིས་ལྡན་དང་། མང་གཙོའི་ཁྲིམས་སྒྲིག་ཁག་ལ་བརྩི་སྲུང་ལག་ལེན་ཞུ་མཁན་ལྷག་བསམ་ཅན་གྱི་སྤྱི་མི་ཚད་ལྡན་འོས་འདེམས་བྱ་དགོས། ༼སྤྱི་མོས།༽
༦༽ ཐག་གཅོད། གནང་དང་གནང་བཞིན་པ་ལྟར་མུ་མཐུད་གནང་རྒྱུ།
༧༽ད་ལྟའི་སྤྱི་འཐུས་ཀྱི་ཡོང་ཁུངས་རང་འཇགས་བཞག་ཐོག་བཙན་བྱོལ་བོད་མི་ཡོངས་ནས་འོས་བསྡུ་བྱེད་དགོས་པའི་བཅའ་སྒྲིག་བསྐྱར་བཅོས་གནང་དགོས། ༼རྒྱབ་སྐྱོར་ ༡༢༠ དགག་ཆ་ ༥༩༽
༧༽ཐག་གཅོད། གཤམ་གསལ་དོན་ཚན་ ༡༠ པ་ལྟར།
༨༽སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆའི་གྲངས་ཚད་ས་གནས་མི་འབོར་གཞིར་བཟུང་ཆ་བགོས་གནང་གལ། ༼རྒྱབ་སྐྱོར་ ༡༣༡ དགག་ཆ་ ༩༩།༽
༨༽ཐག་གཅོད། གཤམ་གསལ་དོན་ཚན་ ༡༠ པ་ལྟར།
༩༽སྤྱི་འཐུས་ལས་དོན་འགལ་འཛོལ་བྱེད་མཁན་ལ་རྩ་དགོངས་སམ་ཕྱིར་འབུད་གཏོང་ཐུབ་པའི་སྒྲིག་གཞིའི་ཆ་རྐྱེན་འཇོག་གལ། ས་འཐུས་ལའང་དེ་མཚུངས་དགོས། ༼རྒྱབ་སྐྱོར་ ༡༩༦ དགག་ཆ་ ༧།༽
༩༽ ཐག་གཅོད། སྤྱི་འཐུས་དང་། ས་འཐུས་འཕོ་འགྱུར་དང་འབྲེལ་བའི་སྐོར་བཅའ་ཁྲིམས་དོན་ཚན་ ༥༧ པ་དང་། དོན་ཚན་ ༩༢ པ་སོ་སོར་གསལ་འཁོད་ཡོད་པ་ལས་ལྷག་པ་ཞིག་ད་ལྟའི་ཆར་དགོས་དོན་མ་མཐོང་།
༡༠༽འོས་བསྡུའི་སྐབས་གང་ཟག་གཅིག་ལ་འོས་བསྡུའི་ཐོབ་ཐང་གཅིག་ལྷག་སྤྲོད་མི་ཆོག་པའི་སྒྲིག་གཞི་བཟོ་དགོས། ༼རྒྱབ་སྐྱོར་ ༡༥༨ དགག་ཆ་ ༧༢༽
༡༠༽ ཐག་གཅོད། གོང་གསལ་དོན་ཚན་ ༧ པ་དང་ ༨ པ་ ༡༠ པ་འདི་བཅས་ལ་མང་མོས་བྱུང་འདུག་ཀྱང་། ཕན་ཚུན་ནང་འགལ་ཆགས་འདུག་པར་བརྟེན་སྟབས་བདེའི་འགྲོ་སྟངས་ཤིག་བཟོ་ཐུབ་མིན་ལ་དེ་མུར་བཞག་ཅིང་། བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ་ ༢༠༡༠ ཡི་ཆོས་ལུགས་ཁག་གི་འཐུས་མི་རྣམས་ཀྱིས་ཕྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༣༠ འཁོད་ཞུ་སྙན་ལ་གོང་གསལ་ལྟར་ལན་གནང་རྒྱུ་གནང་།
༡༡༽ས་འཐུས་ལ་དབང་ཆའི་ས་མཚམས་གསལ་པོ་དགོས་པ་དང་། སྤྱི་ལྷན་ནས་དེའི་ཐད་སྤྱི་ལ་ཁྱབ་པའི་སྒྲིག་གཞི་བཟོ་གལ། ༼སྤྱི་མོས།༽
༡༡༽ཐག་གཅོད། ས་འཐུས་ཀྱི་དབང་ཆའི་ས་མཚམས་བཅའ་ཁྲིམས་ནང་གསལ་འཁོད་ཡོད་པ་དང་། སྤྱི་ལ་ཁྱབ་པའི་ལམ་སྟོན་དགོས་རིགས་དེ་སྔ་ཡང་གནང་ཡོད་པ་དང་། མ་འོངས་པར་ཡང་དེ་དོན་ལག་ལེན་བསྟར་རྒྱུ།
༡༢༽མ་འོངས་པར་སྤྱི་འཐུས་ཚོགས་གཙོ་གཉིས་རེས་མོས་བྱེད་དགོས་པ་འདི་རིགས་མ་ཡོང་བ་བཟོ་དགོས། ༼སྤྱི་མོས།༽
༡༢༽ཐག་གཅོད། སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པ་དང་དགུ་པ་གཉིས་ཀའི་ཐོག་འོས་བསྡུའི་སྒྲིག་གཞིར་གཞུང་འབྲེལ་བསྐྱར་བཅོས་ཀྱི་གྲོས་འཆར་ཕུལ་ཏེ་འབད་བརྩོན་ཞུས་ཡོད་པར་བསྐྱར་བཅོས་ཐོན་ཐུབ་མེད་ཀྱང་མ་འོངས་པར་དེ་ལྟའི་གནས་སྟངས་མི་འབྱུང་བའི་ཐབས་ཤེས་ཞུ་རྒྱུ།
༡༣༽འོས་བསྡུའི་ལས་དོན་དང་འབྲེལ་བའི་རྩོད་རྙོག་རྣམས་དབུས་འོས་བསྡུ་ལས་ཁང་ནས་ཐག་གཅོད་བྱེད་དགོས་པ་ལས། སྤྱི་འཐུས་ལྷན་ཚོགས་ཀྱིས་ཐེ་ཇུས་གནང་མི་འོས། ༼སྤྱི་མོས།༽
༡༣༽ཐག་གཅོད། འོས་བསྡུའི་ལས་དོན་དང་འབྲེལ་བའི་རྩོད་རྙོག་རྣམས་དབུས་འོས་བསྡུ་ལས་ཁང་ནས་ཐག་གཅོད་བྱ་དགོས་ཐད་ཁྲིམས་སྒྲིག་ཁག་ནང་ཁ་གསལ་ཡོད་པ་བཞིན་ལག་ལེན་བསྟར་རྒྱུ།
༡༤༽མ་འོངས་པར་ཚོགས་ཆུང་ཆ་བགོས་སོ་སོའི་ནང་། ནང་སྲིད་ཤེས་རིག་འཕྲོད་བསྟེན་ལ་སོགས་བརྗོད་གཞི་ཆ་ཚང་ཐོག་དགོངས་འཆར་སྤངས་རྒྱུའི་ཆ་རྐྱེན་བསྐྲུན་དགོས། ༼སྤྱི་མོས།༽
༡༤༽ ཐག་གཅོད། དེ་ལྟའི་ཆ་རྐྱེན་བསྐྲུན་ཐབས་བྱ་རྒྱུ།
༡༥༽འཛིན་སྐྱོང་དང་ཁྲིམས་བཟོའི་དབར་ཐུགས་མཐུན་ཁྲིམས་གཙང་ཡོང་ཐབས་གནང་གལ། ༼སྤྱི་མོས།༽
༡༥༽ཐག་གཅོད། ཞུས་དང་ཞུ་མུས་ཡིན།
༡༦༽བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་འདས་པའི་ལོ་ལྔ་བཅུའི་ཉམས་མྱོང་ལ་བསྐྱར་ཞིབ་དང་འབྲེལ། ༸གོང་ས་མཆོག་གི་བཀའ་དགོངས་བཞིན་ད་དུང་མང་གཙོའི་ལས་དོན་སྒྲུབ་རྒྱུ་ཁག་གི་ཐོག་ཐུགས་སྣང་ཆེ་བསྐྱེད་ཀྱིས་འགྱུར་བ་གཏོང་དགོས་གཏོང་རྒྱུ། ༼སྤྱི་མོས།༽
༡༦༽ཐག་གཅོད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མང་གཙོའི་སྐོར་བཀའ་སློབ་རིམ་ཕེབས་དང་། མང་གཙོའི་འཕེལ་རིམ་སྐོར་བཙན་བྱོལ་བོད་མིའི་མང་གཙོ་དབུ་བརྙེས་ནས་མི་ལོ་ ༥༠ ཧྲིལ་པོ་འཁོར་བའི་དུས་དྲན་དང་སྟབས་བསྟུན་ཕྱོགས་བསྒྲིགས་ཞུ་བཞིན་པ་ལྟར་དཔར་སྐྲུན་ཞུ་རྒྱུ་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་རྗེས་མང་གཙོའི་སྐོར་བཀའ་སློབ་དང་། བཀའ་རྩ་ཁྱབ་བསྒྲགས་སོགས་ཇི་ཕེབས་རྣམས་སྐབས་དུས་སོ་སོར་ལག་བསྟར་ཞུས་དང་ཞུ་བཞིན་པ།བཀའ་སློབ་ཕྱོགས་བསྒྲིགས་ཞུས་ཁོངས་ནས་ད་ཕན་ལག་བསྟར་ཞུ་མ་ཐུབ་པའི་རིགས་ལག་བསྟར་ཐུབ་ཐབས་ཞུ་རྒྱུ།
༡༧༽སྤྱི་འཐུས་ཀྱི་ལས་ཡུན་བཀའ་ཁྲིའི་ལས་ཡུན་ལྟར་རྒྱས་བཅད་དགོས་པ། ༼རྒྱབ་སྐྱོར་ ༡༤༧ དགག་ཆ་ ༧༥༡།༽
༧༽ཐག་གཅོད། མང་གཙོའི་རྒྱལ་ཁབ་ཁག་གི་གྲོས་ཚོགས་ཀྱི་འཐུས་མིའི་ལས་ཡུན་ཚད་བཀག་མེད་པ་ལྟར་རང་རེའི་གྲོས་ཚོགས་ཀྱི་འཐུས་མི་རྣམས་ཀྱང་དེ་མཚུངས་སྐྱོད་བཞིན་ཡོད། རྒྱལ་ཁབ་ཀྱི་སྲིད་འཛིན་སོགས་ལ་ལས་ཡུན་རྒྱས་བཅད་ཡོད་པ་སོགས་འཛམ་གླིང་སྤྱི་སྲོལ་དང་མཐུན་ན་ལེགས།
༡༨༽བཀའ་སྤྱིའི་འོས་བསྡུ་སྐབས་ཡིག་རྨོངས་པར་དྲང་པོ་ཡོང་ཆེད་གཟུ་དཔང་མཉམ་འཁྲིད་ཆོག་པའི་སྒྲིག་གཞི་བསྐྱར་བཅོས་བྱ་དགོས། ༼སྤྱི་མོས།༽
༡༨༽ཐག་གཅོད། ཡིག་རྨོངས་ཤིག་ནས་འོས་འཕེན་བྱེད་སྐབས་སོ་སོའི་ཡིད་ཆེས་ཡོད་པ་ཞིག་དགོས་སྟབས་གཟུ་དཔང་དགོས་གལ་མ་མཐོང་།
༡༩༽སྤྱི་འཐུས་རྣམ་པས་སྤྱི་མི་ཚད་ལྡན་ཞིག་གནང་བའི་ཐོག་ནས་གྲོས་ཚོགས་ཀྱི་ལས་རིམ་ནང་ཆ་ཤས་བླངས་དགོས་པ་དང་། ཚོགས་གཙོ་རྣམ་གཉིས་ཀྱིས་སྟངས་འཛིན་ནན་པོ་གནང་སྟེ་སྤྱི་ཚོགས་ཞི་འཇམ་དང་བཟང་སྤྱོད་ཀྱི་སྣེ་ཁྲིད་ཐུབ་པའི་ནུས་པ་བཏོན་ཐུབ་པ་བྱ་དགོས། ༼སྤྱི་མོས།༽
༡༩༽ཐག་གཅོད། རྩ་བའི་གྲོས་ཚོགས་ནང་ཆ་ཤས་ཅི་ཙམ་ལེན་མིན་གྲོས་ཚོགས་འཐུས་མི་སོ་སོའི་འདོད་མོས་ཡིན་ཀྱང་། ཚོགས་གཙོ་གཉིས་ནས་ཚོགས་འདུར་རྟག་བཅར་དགོས་གལ་འབོད་སྐུལ་ཡང་ཡང་གནང་གི་ཡོད་པ་དང་། སྟངས་འཛིན་གནང་ཕྱོགས་ཀྱི་དགོངས་འཆར་བློ་ངེས་བྱུང་།
༢༠༽གྲོས་ཚོགས་འོག་མ་ལས་འགན་དབང་ཆེ་བའི་ཆེད་ལས་པ་དང་། མཁས་དབང་ཁག་ལས་གྲུབ་པའི་གྲོས་ཚོགས་གོང་མ་ཞིག་འཛུགས་དགོས་འདུག ༼རྒྱབ་སྐྱོར་ ༡༣༡ དགག་ཆ་ ༡༡༦།༽
༢༠༽ཐག་གཅོད། གཞི་རྩའི་ཆ་ནས་ཆེད་ལས་པ་དང་། མཁས་དབང་གི་དབྱེ་མཚམས་ཕྱེ་དཀའ་བར་བརྟེན་རེ་ཞིག་ད་མུས་བཞིན་གནས་ལེགས།
༢༡༽བྱང་ཨ་རི་དང་ཤར་ཨེ་ཤ་ཡ་ས་གནས་ཁག་ཏུ་སྤྱི་འཐུས་སྤར་ཆ་དང་། ས་མིག་གསར་གཏོད་བྱ་དགོས། ༼དགག་ཆ་ ༣ ཚད་མཐོའི་མང་མོས།༽
༢༡༽ཐག་གཅོད། བྱང་ཨ་རིར་སྤྱི་འཐུས་གཅིག་སྤར་ཆའི་བཅའ་ཁྲིམས་བསྐྱར་བཅོས་ཟིན་པ་དང་། རྒྱ་བལ་འབྲུག་གསུམ་དང་། བྱང་ཨ་རི། ཡུ་རོབ་བཅས་ཕུད་པའི་ཡུལ་གྲུ་ཁག་གི་ཆེད་སྤྱི་འཐུས་ཀྱི་ས་མིག་གཅིག་གསར་གཏོད་ཀྱི་གཞུང་འབྲེལ་བཅའ་ཁྲིམས་བསྐྱར་བཅོས་ཀྱི་གྲོས་འཆར་ཞིག་ཡང་བསྐྱར་འབུལ་རྒྱུ།
༢༢༽ཕྱོགས་བཞུགས་སྤྱི་འཐུས་རྣམ་པའི་ལས་འགན་གསལ་པོ་བཟོ་དགོས་པ་དང་། ཕྱོགས་བཞུགས་ཀྱི་འགན་འཁུར་བའི་ཐོག་ས་གནས་འགོ་འཛིན་མཉམ་དུ་བོད་མིའི་ཆབ་སྲིད་དང་མང་གཙོའི་གོ་རྟོགས་གོང་མཐོར་གཏོང་སླད་འགན་འཁུར་ལེན་དགོས ༼སྤྱི་མོས།༽
༢༢༽ཐག་གཅོད། ཕྱོགས་བཞུགས་སྤྱི་འཐུས་རྣམས་ས་གནས་ས་བགོས་གནང་ཡོད་པ་ལྟར་སྔར་ལས་ལྷག་པའི་ལས་འགན་གསལ་པོ་ཡོད་པ་དང་། དེ་མིན་ཆབ་སྲིད་དང་མང་གཙོའི་གོ་རྟོགས་གོང་མཐོར་གཏོང་ཕྱོགས་ཐད་གང་ཐུབ་གནང་དང་གནང་བཞིན་པ་ཡིན།
༢༣༽བཅའ་ཁྲིམས་དགོངས་དོན་ཆོས་ལུགས་དང་ཆོས་བརྒྱུད་སྤྱི་འཐུས་མུ་མཐུད་གནས་ཐབས་དགོས་རྒྱུ། ༼དགག་ཆ་ ༣ ཚད་མཐོའི་མང་མོས།༽
༢༣༽ཐག་གཅོད། བཅའ་ཁྲིམས་ནང་གསལ་ལྟར་ཡོད་མུས་ཡིན།
༢༤༽བཀའ་སྤྱིའི་འོས་བསྡུའི་ལས་རིམ་ནང་ཆ་ཤས་སྔར་ལྷག་ལེན་ཐབས་ཆེད། དེབ་སྐྱེལ་དུས་ཚེས་ནང་གནང་ཐུབ་མེད་ན་འོས་འཕེན་སྐབས་ཆ་རྐྱེན་ཚང་ཡོད་རིགས་ལ་གོ་སྐབས་སྤྲོད་ཐུབ་པའི་སྒྲིག་གཞི་བསྐྱར་བཅོས་གནང་དགོས་གལ། ༼སྤྱི་མོས།༽
༢༤༽ཐག་གཅོད། སྤྱི་སྐབས་ ༡༤ པའི་གྲོས་ཚོགས་ཚོགས་དུས་ ༡༠ པར་འདིའི་སྐོར་སྒྲིག་གཞི་བསྐྱར་བཅོས་ཀྱི་གྲོས་འཆར་བཏང་ཡོད་ནའང་བསྐྱར་བཅོས་མ་ཐོན། འོན་ཀྱང་ད་ལྟའི་སྒྲིག་གཞིའི་ནང་གསལ་གྱི་ཆ་རྐྱེན་འོག་འོས་བསྡུ་ལས་ཁང་ནས་དངོས་གཞིའི་འོས་བསྡུའི་ཆེད་དེབ་སྐྱེལ་གྱི་གོ་སྐབས་སྐྲུན་བཞིན་པ་དེས་འཐུས་རྒྱུ།
ཆོས་དང་རིག་གཞུང་སྐོར།
༡༽༸ཀུན་གཟིགས་པཌྷ་ཆེན་ཆུང་སྲིད་རིན་པོ་ཆེ་རྒྱ་ནག་གི་བཙོན་འོག་ནས་འཕྲལ་དུ་གློད་གྲོལ་གྱིས། སྐུ་གོང་མའི་མཛད་བཟང་བདག་གིར་བཞེས་ཐུབ་ཆེད། གཞུང་མང་ཡོངས་ནས་སྔར་ལྷག་འབད་རྩོན་གནང་དགོས། ༼སྤྱི་མོས།༽
༡༽ཐག་གཅོད། འཛམ་གླིང་རྒྱལ་སྤྱིའི་སྒྲིག་འཛུགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སོགས་ལ་འབོད་སྐུལ་རབ་དང་རིམ་པ་དང་། ལས་འགུལ་སྣ་ཚོགས་པ་བཅས་རང་རེའི་གཞུང་དང་།ཚོགས་པ་མི་སྒེར་བཅས་ཀྱིས་གནང་ཡོད་ཅིང་། ད་དུང་ཕྱོགས་ཚང་མས་མུ་མཐུད་གནང་རྒྱུ།
༢༽བཀའ་བརྒྱུད་བསྟན་པའི་གཙུག་རྒྱན་དཔལ་རྒྱལ་དབང་ཀརྨ་པ་མཆོག་གི་མཛད་འཕྲིན་ཕྱོགས་མཐར་རྒྱས་ཤིང་། ཕྱོགས་ཕེབས་སོགས་ཀྱི་མཛད་དཀའ་འཕྲད་བཞིན་པ་རྣམས་གཙང་སེལ་སླད། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་རང་གཞུང་ནས་ཐུགས་འཁུར་སྐྱེད་བཞིན་པའི་ཐོག རྒྱལ་ཡོངས་ཚོགས་ཆེན་འདི་ཐོག་ནས་རྒྱ་གར་དབུས་སའི་གཞུང་ལ་ཞུ་སྙན་ཞིག་ངེས་པར་འབུལ་གནང་ཡོང་བ་ཞུ། ༼སྤྱི་མོས།༽
༢༽ ཐག་གཅོད། བཀའ་ཤག་ནས་གསལ་བཤད་བྱུང་མཚམས་རྒྱ་གར་དབུས་སའི་གཞུང་ལ་སྙན་འབུལ་ཞུ་ཕྱོགས་གནང་རྒྱུ།
༣༽བོད་ཀྱི་ཆོས་རིག་རྒྱུན་འཛིན་དང་གོང་སྤེལ་སླད་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དགོས་རྒྱུ་དང་། དེ་བཞིན་ཡ་རབས་བཟང་སྤྱོད་དང་། ལོ་རྒྱུས་སོགས་ཕ་མས་བུ་ཕྲུག་ལ་ཡང་ཡང་ངོ་སྤྲོད་དྲན་བསྐུལ་གྱིས་རང་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་དང་། རང་ངོ་ཤེས་པ་བཟོ་དགོས། ༼སྤྱི་མོས།༽
༣༽ཐག་གཅོད། གནང་དང་གནང་བཞིན་ཡིན་པ་དང་། གོ་སྐབས་ནམ་བྱུང་ལ་ཕ་མ་ཚོར་སློབ་གསོ་ཞུ་རྒྱུ།
༤༽བོད་རིགས་ཡོངས་ནས་སྐད་ཡིག་བསྲེ་ལྷད་མེད་པར་བོད་སྐད་གཙང་མ་བེད་སྤྱོད་དགོས་པ་མ་ཟད།ཡ་རབས་བཟང་སྤྱོད་དང་འབྲེལ་བའི་གཏམ་གླེང་སོགས། རྒྱུན་ལྡན་ཀུན་སྤྱོད་ལ་ཡིད་གཟབ་ཀྱིས་བོད་མིའི་རིག་གཞུང་དང་ཆེ་མཐོང་སྲུང་སྐྱོབ་གཅེས་འཛིན་ངེས་པར་གནང་དགོས་ཤིང་། དེའི་ཆེད་དུ་གཞུང་དང་།ཁྱིམ་ཚང་སོགས་འབྲེལ་ཡོད་ཚང་མས་འཕྱར་གྲུ་མཉམ་འདེགས་གནང་དགོས། ༼སྤྱི་མོས།༽
༤༽ཐག་གཅོད། གཞི་རྩའི་བྱས་དང་བྱེད་བཞིན་པ་ཡིན་ནའང་། ད་དུང་གལ་ཆེ་དམིགས་གསལ་གྱིས་ཚང་མས་དོ་སྣང་བྱ་རྒྱུ།
གཞིས་ཆགས་སྲ་བརྟན་སྐོར།
༡༽བཟོ་གཞིས་ཁག་གི་ས་གནས་འགོ་འཛིན་རང་ཁུངས་ནས་འོས་འདེམས་ཞུ་རྒྱུ་ནི་ཁྲིམས་སྒྲིག་གི་འགྲོ་སྟངས་ཙམ་ཡིན་པའི་འགྲེལ་འརྗོད་མ་ཡིན་པར། ས་གནས་འགོ་འཛིན་ཁག་ས་གནས་རང་ནས་འོས་འདེམས་ཐུབ་པ་བྱུང་ན་ཁེ་ཕན་ཇི་ཡོད་རྣམས་བཀའ་ཤག་དང་སྤྱི་ལྷན་ནས་དམིགས་བསལ་དགོངས་བཞེས་ཀྱིས་གསལ་བཤད་གནད་དུ་སྨིན་པ་གནང་གལ། ༼སྤྱི་མོས།༽
༡༽ཐག་གཅོད། གོང་གསལ་མང་གཙོ་འཕེལ་རྒྱས་སྐོར་གྱི་དོན་ཚན་ ༤ པ་དང་གཅིག་མཚུངས་གནང་རྒྱུ་གནང་།
༢༽མི་འབོར་འཕེལ་རྒྱས་གཏོང་སླད། ཕྲུ་གུ་མང་པོ་སྐྱེས་མཁན་ལ་འཚོ་སྣོན་དང་། ཕྲུ་གུའི་སློབ་ཡོན་སོགས་མཐུན་རྐྱེན་སབྱོར་རྒྱུའི་སྲིད་ཇུས་བཟོ་གལ། ༼སྤྱི་མོས།༽
༢༽ཐག་གཅོད། བཀའ་སྤྱི་ལྷན་འཛོམས་ཀྱིས་བཀའ་བསྡུར་གནང་རྒྱུ།
༣༽བཀའ་སྤྱི་གཉིས་ནས་བལ་ཡུལ་བོད་མིའི་དཀའ་སེལ་ཆེད་ཛ་དྲག་ལས་འཆར་བཀོད་སྒྲིག་དགོས་རྒྱུ། ༼སྤྱི་མོས།༽
༣༽ཐག་གཅོད། བཀའ་སྤྱི་ལྷན་འཛོམས་ཀྱིས་བཀའ་བསྡུར་གནང་རྒྱུ།
༤༽བོད་ནས་ཕྱིས་སུ་འབྱོར་བའི་རང་རིགས་ ༡༢༢ ནས་ ༢༠༡༠།༨།༢༦ འཁོད་པའི་ཞུ་སྙན་ལ་ཚོགས་དྲུང་ལས་ཁུངས་ནས་ཟུར་མཆན་དང་བཅས་འགྲེམས་འཐུས་ཕེབས་པའི་ནང་། གཞིས་ཆགས་ཁག་གི་ནང་ས་ཁང་སོགས་ཀྱི་ཐོབ་ཐང་གནང་སྐྱབས་ཡོང་བ་ཞུས་དོན་ཐད། གཞིས་ཆགས་སྲ་བརྟན་ཆེད་གཞིས་ཆགས་ནང་གནས་སྡོད་བྱེད་མཁན་མི་འབོར་དགོས་པ་དང་། ཁ་ཐོར་དུ་གནས་སྡོད་བྱེད་བཞིན་པའི་ཁ་ཐོར་མི་མང་གི་དཀའ་ངལ་སེལ་རྒྱུ་སོགས་ལ་དམིགས་ཏེ་རྒྱ་བལ་འབྲུག་གསུམ་གྱི་ནང་ལོ་མང་ཁ་ཐོར་དུ་གནས་སྡོད་བྱེད་བཞིན་པའི་བོད་མི་དང་རྒྱ་བལ་འབྲུག་གསུམ་གྱི་ས་གནས་གང་སར་གནས་པའི་གསར་འབྱོར་བ་སོགས་ཁ་ཐོར་ཡོངས་ལ་བཀའ་ཤག་དང་སྤྱི་འཐུས་ལྷན་ཚོགས་སོགས་འབྲེལ་ཡོད་ལས་ཁུངས་ནས་སྡོད་ཁང་སྐྲུན་ཐབས་སོགས་ཀྱི་དགོངས་བཞེས་དང་མཛད་ཕྱོགས་གནང་སྐྱབས་ཡོང་བ་ཞེས་འབྲེལ་ཡོད་ལ་འབོད་སྐུལ་ཞུ་རྒྱུ། ༼སྤྱི་མོས།༽
༤༽ ཐག་གཅོད། བཀའ་སྤྱི་ལྷན་འཛོམས་ཀྱིས་བཀའ་བསྡུར་གནང་རྒྱུ།
༥༽ ས་འཐུས་དང་མཉམ་འབྲེལ་སོགས་གཞི་རིམ་སྒྲིག་འཛུགས་སྲ་བརྟན་དང་འཐུས་སྒོ་ཚང་བ་བཟོ་གལ། ༼སྤྱི་མོས།༽
༥༽ཐག་གཅོད། ས་འཐུས་རྣམས་ཀྱི་ཐད་སྤྱི་འཐུས་ལྷན་ཚོགས་བརྒྱུད་ནས་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་ནས་གནང་དང་གནང་བཞིན་པ་ཡིན།
༦༽ཕྱི་རྒྱལ་མི་རིགས་དང་གཉེན་སྒྲིག་བྱེད་མཁན་ལ་དཔྱ་ཁྲལ་ལག་དེབ་གནང་ཕྱོགས་དགོངས་བཞེས། ༼སྤྱི་མོས།༽
༦༽ཐག་གཅོད། གྲོས་ཚོགས་ཀྱིས་ཆེད་བཙུགས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྭང་བླངས་དཔྱ་དངུལ་ལག་དེབ་གསར་བཟོ་དང་ནོར་བཅོས་བྱ་ཕྱོགས་ཞིབ་འཇུག་ཚོགས་ཆུང་གི་སྙན་ཐོར་གཞིགས་པའི་གནང་ཕྱོགས་རྗེས་སུ་བཀའ་བསྡུར་གནང་རྒྱུ།
༧༽འབྲུག་སྡོད་བོད་མིའི་དཀའ་སེལ་སླད་བཀའ་སྤྱི་གཉིས་ནས་དམིགས་བསལ་ཐུགས་འགན་བཞེས་གལ། ༼སྤྱི་མོས།༽
༧༽ ཐག་གཅོད། བཀའ་སྤྱི་ལྷན་འཛོམས་ཀྱིས་བཀའ་བསྡུར་གནང་རྒྱུ།
དཔལ་འབྱོར་སྐོར།
༡༽བཀའ་ཤག་གི་གསུང་བཤད་ནང་དྭང་བླངས་དཔྱ་ཁྲལ་བསྡུ་འབབ་གོང་མཐོར་གཏོང་བའི་ལས་གཞི་སྤེལ་འཆར་ཡོད་པར་ཡིད་རངས་ཞུ་བ་དང་ཆབས་ཅིག་བོད་ཀྱི་ཡུལ་མི་དྭང་བླངས་དཔྱ་དངུལ་འབུལ་དགོས་མཁན་ཡོད་དོ་ཅོག་ནས་འཚེམས་ལུས་མེད་པར་དཔྱ་དངུལ་བསྡུ་ཐབས་ཕྱག་ལེན་འཁེལ་བ་གནང་སྐྱོང་དགོས་རྒྱུ།༼སྤྱི་མོས།༽
༡༽ཐག་གཅོད། ད་ཕན་གནང་དང་གནང་མུས་མུ་མཐུད་འབད་བརྩོན་གནང་རྒྱུ།
༢༽བཙན་བྱོལ་བོད་མིའི་དྭང་བླང་དཔྱ་དངུལ་ལག་དེབ་གསར་པ་བཟོ་འགོ་ཚུགས་ཏེ་དུས་ཡུན་རིང་པོ་ཕྱིན་ནའང་། ད་དུང་ཡང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་དྭང་བླང་དཔྱ་དངུལ་ལག་དེབ་རྙིང་པའི་ནང་འབུལ་འབབ་བསྡུ་བཞེས་གནང་བཞིན་པ་གང་འཚམ་ཡོང་བཞིན་འདུག་པས་དེ་དག་ལ་དུས་ཚོད་རྒྱས་བཅད་ནང་མ་གོ་མ་ཐོས་མེད་པའི་ལན་བརྡ་སྤྲད་དེ་ལག་དེབ་གསར་པ་བཟོ་གནང་བའམ། ཡང་ན་ལག་ལེན་བསྟར་ཕྱོགས་ཀྱི་ལམ་སྟོན་ཁ་གསལ་དགོས་འདུག ༼སྤྱི་མོས།༽
༢༽ཐག་གཅོད། གྲོས་ཚོགས་ཀྱིས་ཆེད་བཙུགས་བོད་མི་མང་སྤྱིི་འཐུས་ལྷན་ཚོགས་ཀྱི་དྭང་བླངས་དཔྱ་དངུལ་ལག་དེབ་གསར་བཟོ་དང་ནོར་བཅོས་བྱ་ཕྱོགས་ཞིབ་འཇུག་ཚོགས་ཆུང་གི་སྙན་ཐོ་ཕུལ་འབྱོར་མཚམས་ལག་བསྟར་གནང་ཕྱོགས་ཇི་དགེ་དགོངས་བཞེས་གནང་རྒྱུ།
༣༽བཙན་བྱོལ་བོད་མིའི་དྭང་བླང་དཔྱ་དངུལ་དང་བསྡུ་དངུལ་གཞན་དག་གི་འབུལ་འབབ་ཁྲིམས་ཡིག་ནང་གཙང་ཁེའི་ཡོང་འབབ་ཀྱི་བརྒྱ་ཆ་རྩིས་སྐོར་གཏན་འབེབས་བྱས་པ་ནས་བཟུང་ཚོང་ཕུད་ཞབས་འདེབས་སོགས་འབུལ་མཁན་ཉུང་དུ་ཕྱིན་པ་མ་ཟད། སྒྲིག་གཞིའི་དགོངས་དོན་ལག་བསྟར་ཇི་བཞིན་བྱེད་ཐུབ་པ་རེ་ཟུང་ལས་བྱུང་མེད་པར་བརྟེན། སྒྲིག་གཞི་དོན་ཚན་བཅུ་གཅིག་པའི་ནང་གསེས་ ༣ པ་ཕྱིར་བསྡུ་གནང་སྟེ། དོན་ཚན་བཅུ་བཞི་པ་ངེས་མེད་ཞལ་འདེབས་ཁོངས་ཚོང་ཕུད་ཞལ་འདེབས་སམ། དམིགས་བསལ་ཞལ་འདེབས་གང་རུང་གི་ལམ་ནས་བསྡུ་བཞེས་ཡོང་བའི་ཐབས་ལམ་གསར་པ་ཞིག་བསྐྲུན་དགོས།སླད་ཕྱིན་དཔལ་འབྱོར་ལས་ཁུངས་དང་དམིགས་བསལ་རང་བདེན་ཚོགས་ཆུང་འབྲེལ་ལམ་གནང་སྟེ་བསྡུ་དངུལ་ཡར་རྒྱས་གཏོང་ཐབས་གནང་གལ། ༼དགག་ཆ་ ༢ ཚད་མཐོའི་མང་མོས།༽
༣༽ཐག་གཅོད། བཙན་བྱོལ་བོད་མིའི་དྭང་བླངས་དཔྱ་དངུལ་དང་བསྡུ་དངུལ་གཞན་དག་གི་འབུལ་འབབ་ཁྲིམས་ཡིག་དོན་ཚན་ ༡༡ པའི་ནང་གསེས་ ༣ པ་ཕྱིར་བསྡུ་བྱ་རྒྱུའི་གཞུང་འབྲེལ་སྒྲིག་གཞི་བསྐྱར་བཅོས་ཀྱི་གྲོས་འཆར་གཏོང་རྒྱུ།
༤༽ཁྲིམས་ཡིག་དགོངས་དོན་རྒྱ་བལ་འབྲུག་འབྲུག་གསུམ་ནང་གནས་སྡོད་བཙན་བྱོལ་བོད་མི་ཕོགས་ཡོད་རྣམས་ཀྱིས་ཕོགས་འབབ་ཀྱི་བརྒྱ་ཆ་འབུལ་དགོས་ཡོད་ཀྱང་ཕོགས་ཡོད་སོ་སོ་ནས་མཐུན་སབྱོར་ཚད་ལྡན་གནང་མ་ཐུབ་པའམ། རྒྱུ་རྐྱེན་ཁག་དཀྲི་མང་པོ་ཞིག་ལ་བརྟེན་པ། རང་བདེན་ཚོགས་ཆུང་ཁག་སོ་སོར་ཕོགས་ཡོད་གང་དུ་ཡོད་མེད་རྒྱུས་མངའ་མེད་པ་བཅས་ལ་བརྟེན་ནས་དཀའ་ངལ་འཕྲད་དང་འཕྲད་མུས་བསལ་ཐབས་ཆེད་སྒྲིག་གཞིའི་ནང་ཆ་རྐྱེན་བསྐྲུན་དགོས་པ།སྤྱི་མོས།
༤༽ཐག་གཅོད། བཀའ་སྤྱི་ལྷན་འཛོམས་ཀྱིས་བཀའ་བསྡུར་གནང་རྒྱུ།
ཤེས་ཡོན་སྐོར།
༡༽བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གཏན་ལ་ཕབ་པའི་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་གྱི་སྲིད་བྱུས་རང་རེའི་ཤེས་ཡོན་གྱི་སྒྲིག་འཛུགས་ཁག་ནས་ལག་བསྟར་དོན་འཁྱོལ་ཡོང་བར་ཕྱོགས་ཚང་མས་གང་མྱུར་འབད་བརྩོན་ལྷོད་མེད་གནང་གལ།༼སྤྱི་མོས།༽
༡༽ ཐག་གཅོད། བཀའ་སྤྱི་ལྷན་འཛོམས་ཀྱིས་བཀའ་བསྡུར་གནང་རྒྱུ།
༢༽བོད་མིའི་ཐུན་མོང་མ་ཡིན་པའི་ཤེས་རིག་གཙོ་གྱུར་རང་གི་སྐད་ཡིག་དང་། རིག་གཞུང་སོགས་ལ་རག་ལས་སྟབས། ད་ལྟ་ཆེས་གཉན་ཕྲང་ཆེ་བའི་དུས་སྐབས་འདིར། འབྲེལ་ཡོད་ཁག་ནས་རང་རེའི་རྩ་ཆེའི་སྐད་ཡིག་རིག་གཞུང་སོགས་སྲུང་སྐྱོབ་སླད། ལག་བསྟར་བྱ་སའི་ཁོར་ཡུག་བསྐྲུན་རྒྱུ་དང་། ཆེ་མཐོང་། དགོས་ངེས་ཀྱི་རྒྱབ་སྐྱོར་སོགས་གནང་གལ་ཆེ། ༼སྤྱི་མོས།༽
༢༽ཐག་གཅོད། བཙན་བྱོལ་བོད་མིའི་སྤྱི་སྒེར་སྒྲིག་འཛུགས་དང་། བོད་མི་སྤྱི་ཡོངས་ནས་བོད་ཡིག་བཀོལ་སྤྱོད་བྱ་གལ་དང་། ལྷག་པར་ལས་ཁུངས་ཁག་ནང་ཕན་ཚུན་དུ་གནས་འབྲེལ་རིགས་བོད་ཡིག་ཐོག་བྱ་དགོས་པ་བཅས་བཀའ་ཤག་ནས་ཡོངས་ཁྱབ་གསལ་བསྒྲགས་སྤེལ་གནང་དགོས་པའི་བཀའ་ཤག་ཏུ་ཕྱག་བྲིས་གནང་རྒྱུ་དང་། སྤྱི་འཐུས་ལྷན་ཚོགས་ནས་ཀྱང་སྒྲིག་འཛུགས་ཁག་དང་། མང་ཚོགས་བཅས་པར་བོད་ཡིག་བཀོལ་སྤྱོད་གལ་ཆེ་ཡིན་པའི་སྐོར་གོ་སྐབས་ནམ་བྱུང་ལ་སློབ་གསོ་གནང་རྒྱུ།
༣༽ བོད་མིའི་མ་འོངས་གཞོན་སྐྱེས་མི་རབས་ཚོར་ཤེས་ཡོན་འཕེལ་རྒྱས་དང་མཉམ་དུ་བཟང་པོའི་ཡོན་ཏན་རྣམས་རྒྱུན་འཇགས་ཐུབ་ཐབས་སུ། གཙོ་ཆེ་མང་ཚོགས་ཀྱི་ཁོར་ཡུག་སྤྱི་དང་། ཡང་སྒོས་ལས་ཀྱི་སྣེ་མོར་གཏོགས་པ་ཡོངས་དང་། དགེ་རྒན། ཕ་མ་བཅས་ནས་རང་རིགས་བུ་ཕྲུག་གཞོན་སྐྱེས་ཚོར་བཟང་སྤྱོད་དང་ལྡན་པའི་དཔེ་སྟོན་གནང་རྒྱུ་གལ་འགངས་ཆེ་བར་བརྟེན། ཕྱོགས་ཚང་མས་ཡིད་གཟབ་ནན་ཏན་དང་འབྲེལ་ཕྱི་ནང་སྒོ་ཀུན་ནས་བཟང་པོའི་སྤྱོད་ལམ་དུ་འཇུག་གལ། ༼སྤྱི་མོས།༽
༣༽ཐག་གཅོད། སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་དབུས་སྤྱི་འཐུས་རྣམ་པ་ས་གནས་མང་ཚོགས་སར་གཞུང་འབྲེལ་ཕེབས་སྐབས་གཞོན་སྐྱེས་ཚོར་དམིགས་བཀར་གྱིས་བཟང་སྤྱོད་སྐོར་སློབ་གསོ་གནང་རྒྱུ།
༤༽རང་རིགས་ལས་ཀྱི་སྣེ་མོ་བས་གཙོས་རྒན་དར་གཞོན་གསུམ་ཚང་མས་རང་རེའི་སྐད་ཡིག་དང་། རིག་གཞུང་གོམས་གཤིས་བཟང་པོ་མི་ཉམས་རྒྱུད་འཛིན་དང་བདག་སྤྲོད་བྱ་རྒྱུར་ཕྱོགས་ཚང་མས་དུས་རྒྱུན་དུ་ལྷོད་གཡེང་དུ་མ་སོང་བར་ཡིད་གཟབ་ངང་ཐ་ན་སྒོ་བྱང་དང་ཟས་ཐོ་སོགས་རང་སྐད་གཙང་མ་བེད་སྤྱོད་བྱ་གལ། ༼སྤྱི་མོས།༽
༤༽ཐག་གཅོད། གོང་གསལ་དོན་ཚན་ ༢ པ་དང་གཅིག་མཚུངས་གནང་རྒྱུ།
བོད་དོན་དྲིལ་བསྒྲགས་སྐོར།
༡༽བོད་དོན་དྲིལ་བསྒྲགས་ཀྱི་རྩ་འཛིན་དང་ཁ་ཕྱོགས་ནི་བདེན་དོན་ཕྱིར་བསྒྲགས་བྱེད་རྒྱུ་ཡིན་པར་བརྟེན། ཕྱི་ལོ་ ༡༩༥༡ གོང་གི་བོད་རང་བཙན་གྱི་བྱུང་རབས་དང་། དེ་ནས་ད་བར་མི་ལོ་དྲུག་ཅུའི་རིང་བོད་གཞིས་ལུས་རྒྱ་ཆེའི་མི་མང་གི་བཟོད་མི་ཐུབ་པའི་དཀའ་སྡུག་དང་། བོད་ཀྱི་སྣོད་བཅུད་གཉིས་ཀ་ཤི་གསོན་ཆགས་འཇིག་གི་ཉེན་ཚབས་མཐོ་ཤོས་སུ་སླེབས་ཡོད་པའི་བོད་ནང་གི་ད་ལྟའི་གནས་བབ་དྲིལ་བསྒྲགས་ཤུགས་ཆེ་བྱ་དགོས། ༼སྤྱི་མོས།༽
༡༽ཐག་གཅོད། བཀའ་སྤྱི་ལྷན་ཚོགས་ཀྱིས་བཀའ་བསྡུར་གནང་རྒྱུ།
༢༽བོད་དོན་དྲིལ་བསྒྲགས་བྱེད་པར། ང་ཚོས་རྒྱལ་སྤྱིའི་ཁྲིམས་ལུགས་དང་འགལ་བའི་རྒྱ་ནག་གི་བྱ་སྤྱོད་མཐའ་དག་མཐིལ་བརྟོལ་བྱེད་དགོས་པ་དང་། ལྷག་པར་དེང་དུས་དྲ་རྒྱའི་བརྒྱུད་ལམ་ལ་བརྟེན་ནས་ཁྱབ་བསྒྲགས་བྱ་རྒྱུ་གོང་མཐོར་གཏོང་ཐུབ་པ་དགོས། ༼སྤྱི་མོས།༽
༢༽ ཐག་གཅོད། གོང་དུ་གསལ་བའི་དོན་ཚན་དང་པོ་དང་འབྲེལ་ཆགས་ཡིན་པ་དང་། རྩ་བའི་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ནང་ཡོད་མུས་རྒྱ་བསྐྱེད་གཏོང་ཐབས་དགོས་པ་ཞིག་ཡིན་ཅིང་། སྤྱི་འཐུས་ལྷན་ཚོགས་ཀྱི་དྲ་རྒྱ་ཞིག་ཀྱང་འཛུགས་རྒྱུའི་ཆེད་ད་ལྟ་ཡིག་ཆ་བསྡུ་རུབ་ཀྱིས་ཕྱོགས་སྒྲིག་ཞུ་བཞིན་པ་རིམ་པས་ལག་བསྟར་ཞུ་རྒྱུ།
༣༽བོད་དོན་དྲིལ་བསྒྲགས་བྱེད་སྐབས་ང་ཚོས་ངེས་པར་དུ་བོད་དོན་ཤེས་མཁན་དང་། བོད་དོན་མི་ཤེས་མཁན། བོད་ཀྱི་ཁོར་ཡུག་གནས་སྟངས་སོགས་ལ་དོ་སྣང་བྱེད་མཁན་བཅས་དབྱེ་འབྱེད་གསལ་པོ་ཕྱེས་དེ།བོད་དོན་དྲིལ་བསྒྲགས་ཀྱི་ཐབས་བྱུས་སྣ་ཚོགས་བེད་སྤྱོད་བྱེད་དགོས། ༼སྤྱི་མོས།༽
༣༽ཐག་གཅོད། གང་ཐུབ་གནང་བཞིན་པ་དང་། མ་འོངས་པར་ཡང་གནས་སྟངས་ལ་གཞིགས་པའི་གང་ཐུབ་ཞུ་རྒྱུ།
༤༽ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བོད་རིགས་སྤྱི་མཐུན་ཚོགས་པའམ། བོད་རིགས་ཚོགས་པ་རྣམས་ཤིན་ཏུ་གལ་ཆེ་བར་བརྟེན། ནང་ལ་དྲིལ་བསྒྲགས་མེད་ན་ཕྱིར་དྲིལ་བསྒྲགས་བྱེད་ཁག་པའི་དཔེ་ལྟར། འབྲེལ་ཡོད་རང་གཞུང་གི་མཛད་གཙོ་དང་མཁས་དབང་སོགས་སྐབས་དང་དུས་བསྟུན་ས་གནས་སོ་སོར་གདན་འདྲེན་ཞུས་ཏེ་གསུང་བཤད་དང་ཟབ་སྦྱོང་སོགས་གོ་སྒྲིག་གནང་གལ་ཆེ། ༼སྤྱི་མོས།༽
༤༽ཐག་གཅོད། སྤྱི་འཐུས་ལྷན་ཚོགས་ལ་འབོད་སྐུལ་ནམ་བྱུང་སྐབས་སོ་སོར་ཆ་རྐྱེན་ལ་སོགས་དཀའ་ངལ་མེད་ཕྱིན་ངེས་བཅར་གནང་རྒྱུ།
༥༽བོད་དོན་དྲིལ་བསྒྲགས་བྱེད་སྐབས་ངེས་པར་གསར་འགྱུར་དྲང་བདེན་དང་། ཉམས་ཞིབ་ཚད་ལྡན།འུར་ལངས་མ་བྱས་པའི་ཐོག་ནས་གནང་དགོས་པ་ཤིན་ཏུ་གལ་ཆེ་ལ། ལྷག་པར་བོད་ཀྱི་ཆོས་དང་རིག་གཞུང་། ཁོར་ཡུག་སོགས་རྒྱ་དམར་གྱིས་རྩ་གཏོར་གཏོང་བཞིན་པའི་རྐྱེན་གྱིས་སྤྱིར་འཛམ་བུ་གླིང་དང་།ཡང་སྒོས་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་གནོད་སྐྱོན་ཇི་ཐེབས་དང་འབྲེལ་བའི་གནས་སྟངས་གསལ་བཤད་མཐིལ་ཕྱིན་གནང་ཐུབ་དགོས་པ། ༼སྤྱི་མོས།༽
༥༽ ཐག་གཅོད། བོད་མིའི་འཐབ་རྩོད་དེ་བདེན་པ་དང་འཚེ་བ་མེད་པའི་ཐོག་ནས་གནང་བཞིན་པ་ལྟར་བཙན་བྱོལ་བོད་གཞུང་གིས་དེར་གཞི་བཅོལ་གྱིས་གནང་གི་ཡོད་སྟབས་འཛམ་གླིང་ཕྱོགས་གང་ས་ནས་གདེང་འཇོག་ཐོབ་བཞིན་ཡོད་པས་མ་འོངས་པར་ཡང་དེ་མཚུངས་གནང་རྒྱུ། ལྷག་པར་ཁོར་ཡུག་སྐོར་ཚང་མས་དོ་སྣང་དགོས་སྟབས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཀྱང་འབོད་སྐུལ་དྲིལ་བསྒྲགས་གང་ཐུབ་གནང་དང་གནང་བཞིན་པ་ལྟར་མ་འོངས་པར་ཡང་མུ་མཐུད་གནང་རྒྱུ།
༦༽ ༢༠༠༨ ལོའི་ས་བྱི་ཞི་རྒོལ་རྗེས་བོད་དོན་དྲིལ་བསྒྲགས་ཀྱི་ཁ་ཕྱོགས་དང་འབྲེལ་བའི་བསྐྱར་ཞིབ་ངེས་པར་དགོས༼སྤྱི་མོས།༽
༦༽ ཐག་གཅོད། ས་བྱི་ཞི་རྒོལ་ཆེན་མོའི་ཉམས་མྱོང་ལ་གཞིགས་ཏེ་མ་འོངས་བྱ་ཕྱོགས་ལ་བསམ་ཞིབ་བྱ་རྒྱུ།
རྒྱ་བལ་འབྲུག་གསུམ་ཕུད་པའི་ཁ་འཐོར་བོད་མིའི་སྐོར།
༡༽བཙན་བྱོལ་བོད་གཞུང་ནས་རྒྱ་བལ་འབྲུག་གསུམ་གྱི་བོད་མིར་ཐུགས་ཞིབ་བསྐྱངས་པ་ནང་བཞིན། ད་ཆ་ཨ་རི། ཡུ་རོབ་སོགས་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་བོད་མི་ཁྱོན་ཆེ་གནས་འཁོད་ཡོད་སྟབས། དེ་དག་གང་ལ་དེ་འཚམས་ཀྱིས་ཐུགས་འཇགས་ཡོད་པ། ༼སྤྱི་མོས།༽
༡༽ཐག་གཅོད། ཚོགས་གཙོ་སྦྲེལ་པོ་དང་། བཀའ་ཁྲི། བཀའ་བློན་རྣམ་པ། སྤྱི་འཐུས་རྣམ་པ་སོགས་མཛད་གཙོ་རྣམ་པས་དུས་སྐབས་ནམ་བྱུང་ལ་སློབ་གསོ་གནང་དང་གནང་བཞིན་པ་ལྟར། ད་དུང་མུ་མཐུད་གནང་རྒྱུ།
༢༽ཕྱི་རྒྱལ་དུ་ཡོད་པའི་བོད་མི་རྣམས་རང་གི་སྐད་ཡིག་རིག་གཞུང་གཅེས་ཉར་རྒྱུད་འཛིན་བྱ་རྒྱུའི་ཐབས་ལམ་ཡག་ཤོས་ནི་ཁྱིམ་ཚང་ཡིན་སྟབས། ཁྱིམ་ཚང་ནང་དུ་ཕ་མ་བུ་ཕྲུག་རྒྱུན་དུ་བོད་སྐད་བེད་སྤྱོད་བྱ་རྒྱུ། བོད་གཞས་འཁོར་ཐག་འདྲ་མིན་བཏང་། བོད་པའི་བརྙན་ཐག་འདྲ་མིན་བལྟས། སྔ་དགོང་མཆོད་མེ་ཡོན་ཆབ་འབུལ་ཞོར་དུ་མ་ཎི་ཁ་འདོན་བཅས་བོད་མིའི་ཁྱིམ་ཚང་བསྐྲུན། རང་གི་ཕྲུ་གུར་བོད་མིའི་གོམས་གཤིས་དང་། ཆོས་རིག་གི་བག་ཆགས་འཇོག་ཐབས་ལ་འབད་དགོས། ༼སྤྱི་མོས།༽
༢༽ཐག་གཅོད། ཕྱི་རྒྱལ་སྐུ་ཚབ་དོན་གཅོད་ཁག་དང་། བོད་རིགས་སྤྱི་མཐུན་ཚོགས་པ། བོད་རིགས་ཚོགས་པ་ཚོས་སྙན་ཐོའི་ནང་དོན་ལྟར་དང་། དེའི་ཐོག་རང་གཞུང་ཤེས་རིག་ལས་ཁུངས་ཀྱིས་བོད་ཀྱི་སྐད་ཡིག་ཡར་རྒྱས་གཏོང་ཐབས་དང་འབྲེལ་བའི་དཔེ་དེབ་ཇི་སྙེད་ཅིག་དཔར་བསྐྲུན་ཡོད་པ་རྣམས་ཁུངས་སོ་སོས་བླུ་ཉོས་ཀྱིས་དོ་སྣང་གནང་དགོས་བཅས་ས་གནས་མང་ཚོགས་ལ་སློབ་གསོ་གནང་དགོས་པའི་གནས་རྒྱ་གནང་རྒྱུ་དང་། སྤྱི་འཐུས་རྣམ་པ་ས་གནས་མང་ཚོགས་སར་གཞུང་འབྲེལ་ཕྱོགས་ཕེབས་གནང་སྐབས་ཀྱང་སྙན་ཐོའི་དགོངས་དོན་ལྟར་སློབ་གསོ་ཞུ་རྒྱུ།
༣༽ད་ལྟའི་ཆར་དྭང་བླངས་དཔྱ་དངུལ་ལག་དེབ་གསར་བཟོ་དང་ནོར་བཅོས་བྱེད་རྒྱུར་ས་གནས་གང་སར་དཀའ་ངལ་འདྲ་མིན་སྣ་ཚོགས་འཕྲད་བཞིན་པར་བརྟེན། བོད་གཞུང་བཀའ་སྤྱི་གཉིས་ནས་དེའི་དཀའ་ངལ་སེལ་ཐབས་ཀྱི་སྲིད་བྱུས་ཤིག་ངེས་པར་དུ་གཏན་འབེབས་གནང་དགོས་མཐོང་། ༼སྤྱི་མོས།༽
༣༽ ཐག་གཅོད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྭང་བླངས་དཔྱ་དངུལ་ལག་དེབ་གསར་བཟོ་དང་ནོར་བཅོས་བྱ་ཕྱོགས་ཞིབ་འཇུག་ཚོགས་ཆུང་གི་སྙན་ཐོ་ཕུལ་འབྱོར་བྱུང་མཚམས་སྙན་ཐོའི་དོན་གསལ་ཐོག་བཀའ་བསྡུར་དགོངས་བཞེས་དང་འབྲེལ་ཕྱག་བསྟར་གནང་ཕྱོགས་གནང་རྒྱུ།
འཕྲོད་བསྟེན་སྐོར།
༡༽ཉེ་ཆར་རྒྱ་གར་གཞུང་ནས་གསོ་བ་རིག་པ་དེ་ཁྲིམས་མཐུན་ངོས་བཞེས་གནང་བཞིན་པར་ཚོགས་དུས་འདི་ཕྱོགས་ནས་འཚམས་འདྲི་ཞུ་རྒྱུ་ཡིན།༼སྤྱི་མོས།༽
༡༽ཐག་གཅོད། ཕྱི་ལོ་ ༢༠༡༠ ཟླ་ ༩ ཚེས་ ༢༨ འཁོད་རྒྱ་གར་གྲོས་ཚོགས་གོང་འོག་གཉིས་ཀྱི་ཚོགས་གཙོ་རྣམ་གཉིས་སོ་སོར་འཚམས་ཞུའི་ཕྱག་བྲིས་ཕུལ་ཟིན།
ཟུར་རྒྱན་གྲོས་ཆོད། རྒྱ་གར་དབུས་གཞུང་དང་། ལྷག་པར་དུ་ཀར་ན་ཊ་ཀ་གཞུང་མང་གཉིས་ནས་འདས་པའི་དུས་རབས་ཕྱེད་ལྷག་རིང་བཙན་བྱོལ་བོད་མི་ཚོར་ཕ་ཡུལ་གཉིས་པ་ལྟ་བུའི་མཐུན་རྐྱེན་སྦྱོར་འཇགས་གནང་བར། ཚོགས་ཞུགས་པ་སྤྱི་མགྲིན་ནས་ཐུགས་རྗེ་བླ་ལྷག་ཏུ་ཆེ་ཞུའི་འཚམས་འཕྲིན་འབུལ་ལམ་ཞུ་རྒྱུ་བཅས།
ཐག་གཅོད། རྒྱ་གར་སྲིད་བློན་(Dr.Manmohan Singh) མཆོག་དང་། ཀར་ཎ་ཊ་ཀའི་སྲིད་སྐྱོང་(Shri Hans Raj Bhardwaj) མཆོག་རྣམ་གཉིས་སོ་སོར་ཐུགས་རྗེ་བླ་ལྷག་ཏུ་ཆེ་ཞུའི་སྤྱི་ལྷན་ནས་ཕྱི་ལོ་ ༢༠༡༠ ཟླ་ ༩ ཚེས་ ༢༨ འཁོད་པ་འབུལ་ལམ་ཞུས་ཟིན་པ་བཅས།།