སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ལྡི་ལིར་ཕེབས་གཏན་ཁེལ་བ།

༄༅། །བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གི་དབུས་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་སྤྱི་འཐུས་བློ་བཟང་ཡེ་ཤེས་མཆོག་དང་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག་བཅས་ཀྱི་ཚོགས་ཆུང་ཞིག་རྒྱ་གར་དགུན་དུས་གྲོས་ཚོགས་ཚོགས་བཞིན་པའི་སྐབས་དང་བསྟུན་བོད་དོན་ཐོག་རྒྱབ་སྐྱོར་ཐོབ་སླད་ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༡༨ ནས་ཚེས་ ༢༢ བར་རྒྱ་གར་གྲོས་ཚོགས་འཐུས་མིར་ཞུ་སྐུལ་དང་མཇལ་འཕྲད་གནང་རྒྱུ་ཡིན་པ།

དེ་རྗེས་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་གྲོས་ཆོད་དགོངས་དོན་བཞིན། ཕྱི་ཚེས་ ༢༡ ཉིན་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་རྣམས་ཀྱི་ལྷན་ཚོགས་ཤིག་ཀྱང་གནང་རྒྱུ་ཡིན།

དེ་ཡང་འདི་ཟླའི་ཚེས་ ༡༧ ཉིན་སྤྱི་འཐུས་བློ་བཟང་ཡེ་ཤེས་མཆོག་དང་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག་ལྡི་ལིར་ཕེབས་ཐོན་གནང་རྒྱུ་དང། སྤྱི་འཐུས་ཚོགས་གཞོན་མཆོག་དེ་རིང་ཉིན་རྒྱབ་ལྡི་ལིར་ཕེབས་ཐོན་གིས་ཆུ་ཚོད་ ༦ པར་ Constitution Club, VP House ཞེས་པར་སར་དྷར་པ་ཀྲེལ་ཐེབས་རྩ་ (Sardar Patel Trust) ཡི་གོ་སྒྲིག་བྱས་པའི་སར་དྷར་པ་ཀྲེལ་རྗེས་དྲན་འདུ་ཚོགས་(Sardar Patel Memorial Lecture) སུ་མཉམ་ཞུགས་གནང་རྒྱུ་དང། དེ་རྗེས་ཚོགས་ཆུང་ཀྱི་སྤྱི་འཐུས་རྣམ་གཉིས་དང་ལྷནདུ་གོང་གསལ་གྲོས་ཚོགས་འཐུས་མིར་མཇལ་འཕྲད་ཀྱི་ལས་རིམ་བསྐྱང་གནང་རྒྱུ་ཡིན།

ཁོང་རྣམས་རྡ་སར་འདི་ཟླའི་ཚེས་ ༢༣ ཉིན་ཕྱིར་ཕེབས་རྒྱུ་བཅས་ཀྱི་གནས་ཚུལ་དུ།