སྤྱི་འཐུས་རྒྱལ་རོང་ཟླ་བ་ཚེ་རིང་དང་སྤྱི་འཐུས་རྒྱ་རིགས་ཐར་གཉིས་ནས་ལ་དྭགས་གླེ་བྱང་ཁུལ་གྱི་འཚམས་གཟིགས་ལེགས་གྲུབ།

སྤྱི་འཐུས་རྒྱལ་རོང་ཟླ་བ་ཚེ་རིང་དང་སྤྱི་འཐུས་རྒྱ་རིགས་ཐར་གཉིས་ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༢༣ ནས་ཟླ་ ༨ ཚེས་ ༡༤ བར་ལ་དྭགས་གླེ་གྲོང་ཁྱེར་ཉེ་ཁུལ་དང་བྱང་ཐང་ས་ཁུལ་ཁག་དགུ། དཀར་འཁྱིལ་དང་ཤྲི་རི་ན་གར། ཇ་མུ་བཅས་བོད་མི་གནས་ཡུལ་ཁག་ཏུ་འཚམས་འདྲི་གཟིགས་བསྐོར་གྱི་ལས་རིམ་ལེགས་པར་གྲུབ་ཡོད་པ་དང་། སྤྱི་འཐུས་རྣམ་གཉིས་ཀྱི་སྤྱི་ཡོངས་གཟིགས་ཚུལ་བཀོད་པའི་ནང་། ལ་དྭགས་ས་ཁུལ་དང་ལྷག་པར་དུ་བྱང་ཐང་ས་ཁུལ་ཁག་ཏུ་འགྲུལ་བསྐྱོད་དང་གནམ་གཤིས། འཚོ་བའི་མཁོ་སྒྲུབ་སོགས་ལ་དཀའ་ངལ་ཡོད་མུས་ཀྱང་། དེ་དག་ནང་གནས་པའི་མང་ཚོགས་རྣམས་ཆབ་སྲིད་གོ་རྟོགས་དང་རང་རེའི་སྒྲིག་འཛུགས་ལ་ཡིད་ཆེས། སོ་སོའི་གང་ནུས་ཀྱིས་འཚོ་སྒྲུབ་ལ་འབད་པ་གང་ཐུབ་བྱེད་བཞིན་འདུག་པ་མ་ཟད། འཚོ་གོས་གནས་མལ་ཅི་ལྟར་ཡིན་ཡང་མང་ཚོགས་ཀྱི་བློ་སྟོབས་དང་སེམས་ཤུགས།ལྷག་བསམ་བཅས་ཤིན་ཏུ་ཆེ་བ་མཐོང་། དེ་བཞིན་ས་གནས་ཀྱི་སྒྲིག་འཛུགས་ཁག་ཀྱང་ཚགས་ཚུད་ཡོད་པ་མཐོང་།

ལ་དྭགས་ས་ཁུལ་གྱི་ཐུན་མིན་ཁྱད་ཆོས་གཙོ་བོ་ཞིག་ནི་ནང་པའི་རིག་གཞུང་དར་འཕེལ་རྒྱུན་གནས་བྱེད་སའི་བསྟི་གནས་ཤིག་དང་། ལྷག་པར་དུ་རང་རེའི་མི་རིགས་ཀྱི་ཡུལ་ཆོས་རིག་གནས་སམ་ལེགས་བྱང་དེ་ཉམས་པ་སོར་ཆུད་དང་མི་

ཉམས་གོང་འཕེལ་བྱེད་སའི་དམིགས་བསལ་ས་ཁུལ་ཞིག་ཏུ་མཐོང་སོང་། དེ་ཡང་ས་ཁུལ་དེའི་ཡུལ་མི་དང་རང་རིགས་གཉིས་ སུ་ཞིག་ལ་ཆ་མཚོན་ནའང་མི་ཚེ་ལྟ་ཚུལ་དང་། འཇིག་རྟེན་ལྟ་ཚུལ། དེ་བཞིན་གནའ་བོའི་རིག་གཞུང་གི་རྒྱུན་ཐག་གཅིག་ཏུ་སྦྲེལ་ཡོད་པའི་ཁོར་ཡུག་ཁྱད་པར་བ་དེར་བོད་མི་རིགས་ཀྱི་འབྲོག་པའི་རིག་གནས་གཙོར་གྱུར་པའི་རང་མི་རིགས་ཀྱི་ངོ་བོ་མཚོན་བྱེད་དམ་རིག་གཞུང་སྲུང་སྐྱོབ་ཀྱི་ལས་གཞི་གང་མང་ཞིག་བསྐྲུན་ཐབས་བྱེད་རྒྱུ་ཤིན་ཏུ་ནས་གལ་ཆེན་གཙིགས་ཆེན་དུ་འཛིན་དགོས་པ་མཐོང་ཞེས་སོགས་བཀོད་འདུག་པ་དང་།

འཚམས་གཟིགས་སྐབས། ལ་དྭགས་བསོད་ནམས་གླིང་གཞིས་ཆགས་དང་། བྱང་ཐང་ས་ཁག་དགུའི་དང་བླངས་དཔྱད་དངུལ་ལག་དེབ་ནོར་བཅོས་དང་འབྲེལ་བའི་དཀའ་སེལ་ཐག་གཅོད་སླད། དཔལ་འབྱོར་ལས་ཁུངས་ནས་ལས་བྱེད་གཉིས་ཆེད་ཕེབས་ཀྱིས་ཞུ་སྒོ་ལས་དོན་སྔ་བཅར་འཕྱི་བཞུགས་ཀྱིས་ལས་འཁུར་བྱེད་བཞིན་འདུག་ཀྱང་། ནོར་བཅོས་དང་འབྲེལ་བའི་དཀའ་ངལ་ཕལ་ཆེར་མི་གྲངས་དྲུག་བརྒྱ་ཡན་ཡོད་འདུག་པས། དུས་བཀག་ནང་ཚུན་ཚར་རེ་གཏན་ནས་མི་འདུག་པས། སྤྱི་འཐུས་རྣམ་གཉིས་ནས་སྤྱི་ལྷན་ཚོགས་གཙོ་བརྒྱུད་ཞུ་བསྐུལ་གྱིས་དཔལ་ལས་ལས་བྱེད་གཉིས་དང་བླངས་དཔྱ་དངུལ་ལག་དེབ་དང་འབྲེལ་བའི་ལས་དོན་ཐོག་ཉིན་བཞིའི་དུས་ཡུན་འཕར་འགྱངས་ཐོབ་རྐྱེན་ལས་དོན་ལ་དོན་འབྲས་གང་ལེགས་དང་མི་མང་ཡང་འདོད་བློ་ཁེངས་ངེས་བྱུང་འདུག །

Menu