སྤྱི་འཐུས་འཇུ་ཆེན་དཀོན་མཆོག་དང་སྤྱི་འཐུས་ཆོས་སྐྱོང་དབང་ཕྱུག སྤྱི་འཐུས་འཇམ་དབྱངས་བཟོད་པ་གསུམ་བལ་ཡུལ་དུ་འཚམས་གཟིགས་ལེགས་གྲུབ།

སྤྱི་འཐུས་འཇུ་ཆེན་དཀོན་མཆོག་དང་སྤྱི་འཐུས་ཆོས་སྐྱོང་དབང་ཕྱུག སྤྱི་འཐུས་འཇམ་དབྱངས་བཟོད་པ་གསུམ་ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༦ ནས་ཚེས་ ༢༥ བར་ས་བགོས་ལྟར་སྤོག་ར་ཁུལ་གྱི་གློ་སྒྲིག་བྱམས་པ་གླིང་དང་། བཀྲ་ཤིས་སྒང་དང་དཔལ་འབྱོར་གླིང་། བཀྲ་ཤིས་དཔལ་འཁྱིལ་དང་སྤོག་ར་བཀྲ་ཤིས་གླིང་བཅས་དང་། དེ་བཞིན་བལ་ཡུལ་རྒྱལ་ས་དང་ཉེ་ཁུལ་གྱི་འཇོལ་འཁེལ་བསམ་གྲུབ་གླིང་དང་འཕགས་ཤིང་། མཆོད་རྟེན་དང་འཇོར་པ་ཀྲི། མཐའ་མཚམས་ཤར་ཁུམ་བཅས་སུ་ འཚམས་གཟིགས་ཀྱི་ལས་རིམ་ལེགས་གྲུབ་ཡོད།

སྤྱི་འཐུས་རྣམ་པ་གསུམ་ནས་ལས་བགོས་ལྟར་མང་ཚོགས་ལ་གསུང་བཤད་དང་དྲི་བར་གསན་ཞིབ་ལན་འདེབས་དང་། ས་གནས་མང་ཚོགས་ཀྱི་གནས་སྟངས་བདེ་སྡུག་ལ་གཟིགས་ཞིབ་གནང་བ་དང་སྦྲགས། རྣམ་རྒྱལ་འབྲིང་རིམ་སློབ་གྲྭ་དང་བལ་ཡུལ་སྣེ་ལེན་ཁང་སོགས་ལ་གཟིགས་སྐོར་དང་། ས་གནས་ཀྱི་ལས་སྣེ་མཉམ་བཞུགས་མོལ་ཚོགས་འདུ་བསྐོངས་འཚོགས་གནང་འདུག་ཅིང་། རྒྱལ་སྤྱིའི་བལ་ཡུལ་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་དང་ཐུག་འཕྲད་ཀྱིས་བལ་ཡུལ་དུ་བོད་མི་ཚོར་འཕྲད་བཞིན་པའི་དཀའ་རྙོག་དང་། ལྷག་པར་དུ་ན་གཞོན་ཚོར་ཁྲིམས་མཐུན་ཡིག་ཆ་སྐྱབས་བཅོལ་ལག་དེབ་བཟོ་མི་ཐུབ་པའི་དཀའ་ངལ་སོགས་གླེང་སློང་གནང་བ་དང་། སྣེ་ལེན་ཁང་དུ་གཟིགས་སྐོར་གནང་སྐབས་རྒྱ་གར་དུ་འཛུལ་ཞུགས་ཆོག་པའི་ལག་དེབ་དཀར་པོ་རྫུན་བཟོའི་གནས་ཚུལ་ཡོད་དོགས་སྐོར་ལ་འདྲི་ཞིབ་དང་། སྤོག་ར་ཁུལ་གྱི་ས་གནས་ཤིག་གི་གླེང་རྙོག་ལ་ཞིབ་འཇུག་གནང་བའི་སྙན་ཐོ་བཅས་ལས་བསྡོམས་མཉམ་ཕུལ་ཡོད་པ་རེད།

ཐེངས་འདིར་སྤྱི་འཐུས་རྣམ་ལ་གསུམ་ལ་བལ་གཞུང་གསང་ལས་པས་སྤོག་ར་དང་རྒྱལ་ས་ཁུལ་གཉིས་སུ་སོ་ལྟ་རྗེས་འདེད་དང་འདྲི་བརྩད་བསུན་གཙེར་བྱས་སྟབས། རྒྱལ་སའི་ཉེ་ཁུལ་དུ་ལས་སྣེ་རྣམས་དང་ལྷན་བཞུགས་མོལ་ཚོགས་འདུ་མ་གཏོགས་མང་ཚོགས་འདུ་འཛོམས་གནང་ཐུབ་མེད་པ་དང་། ནང་ཁུལ་ལས་བགོས་ལྟར་ཚེས་ ༡༧ ནས་ ༢༡ བར་སྤྱི་འཐུས་ཆོས་སྐྱོང་དབང་ཕྱུག་ལགས་ཤར་ཁུམ་བདེ་ལེགས་གླིང་དུ་འཚམས་གཟིགས་སུ་ཕེབས་འཕྲོས་ཀྱི་རྒྱལ་ས་ཁུལ་གྱི་མཛད་འཆར་རྣམས་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་དང་སྤྱི་འཐུས་འཇམ་དབྱངས་བཟོད་པ་གཉིས་ནས་འཕྲོ་སྐྱོང་གནང་འདུག །

Menu